བཟའ་འདྲེ་དང་མཉམ་དུ་ཁྱོ་ག་ལྐོག་གསོད་ཀྱི་ངན་ཇུས་འཐེན།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

གྱོད་དཔེ།

སྒོམ་པ་དང་སྒྲོལ་མ་གཉིས་ནི་མཛའ་གྲོགས་ཡིན་ཞིང་། ཁོ་གཉིས་ཀྱིས་མཉམ་འགྲོ་མཉམ་འདུག་གི་འཚོ་བ་རོལ་ཆེད་ལྐོག་ཇུས་འཐེན་ནས་སྒྲོལ་མའི་ཁྱོ་ག་གསོད་རྩིས་བྱས།

2021ལོའི་ཟླ7པ་ནས5པའི་བར་སྒོམ་པ་དང་སྒྲོལ་མ་གཉིས་ཀྱིས་ཐེངས་གང་མང་ལ་མགོ་ཐུམ་སྨན་ཉོས་ཤིང་། སྒོམ་པས་སྒྲོལ་མར་ཁྱོད་ཀྱི་ཁྱོ་གས་ཆང་འཐུང་ཡོད་པའི་སྐབས་སུ། མགོ་ཐུམ་སྨན་ཟ་མའི་ནང་ཁ་རོགས་གེར་བཏབ་སྟེ་གསོད་དགོས་པའི་ངན་ཇུས་འཐེན།

བཅའ་ཁྲིམས་དབྱེ་ཞིབ། 

སྒོམ་པར་ཉེས་འདོན་བྱས་པའི་ཉེས་མིང་དང་ཉེས་གསོག་དོན་དངོས་ལ་ཁྲིམས་ར་རུ་བསམ་འཆར་ཅི་ཡང་མེད་པས་རང་འགུལ་གྱིས་རང་ཉེས་ངོས་ལེན་བྱས་ནའང་། སྒོམ་པས་ཟ་མའི་ནང་སྨན་གདབ་རྒྱུའི་བསམ་ཚུལ་འདོན་མཁན་དང་སྨན་འདེབས་མཁན་ནི་སྒྲོལ་མ་ཡིན་ཟེར། སྒྲོལ་མར་ཉེས་འདོན་བྱས་པའི་ཉེས་མིང་དང་ཉེས་གསོག་དོན་དངོས་ལ་བསམ་འཆར་ཅི་ཡང་མེད་པས་ཁྲིམས་ར་རུ་རང་འགུལ་གྱིས་རང་ཉེས་ངོས་ལེན་བྱས་ནའང་། སྒྲོལ་མས་སྨན་ནི་སྒོམ་པས་མོ་ལ་ཉོ་རུ་བཅུག་ཅིང་ད་དུང་འཇིགས་སྐུལ་བྱས་ནས་སྨན་བཏབ་ཏུ་བཅུག་པ་ཡིན་ཟེར། ཞིབ་བཤེར་བྱས་པ་བརྒྱུད་སྒོམ་པ་དང་སྒྲོལ་མ་གཉིས་ཀྱིས་མྱུལ་ཞིབ་ལས་ཁུངས་སུ་ཐུན་མོང་གི་འཚོ་བའི་དམིགས་ཡུལ་འགྲུབ་ཆེད་སྒྲོལ་མའི་ཁྱོ་ག་གསོད་འདོད་ཡོད་པའི་ཉེས་པ་ཁས་ལེན་བྱས་པར་མ་ཟད། སྨན་རྫས་ཉོས་ནས་ཉེས་གསོག་བྱ་སྤྱོད་ལག་ཏུ་བསྟར་ཞིང་། ཕན་ཚུན་ཕྱོགས་གཉིས་ཀའི་གླེང་མོལ་གྱི་ཟིན་ཐོ་དཔང་རྟགས་སུ་བྱས་ཏེ་ཁོ་གཉིས་ལ་ཐུན་མོང་གི་ཉེས་གསོག་བྱ་སྤྱོད་ཡོད་པས་ཉེས་ཅན་གཙོ་བོ་ཡིན་པ་ར་སྤྲོད་བྱས་ཡོད།

མི་དམངས་ཁྲིམས་ཁང་གིས་སྒོམ་པ་དང་སྒྲོལ་མ་གཉིས་ཀྱིས་མཉམ་དུ་འཚོ་བ་རོལ་བའི་དམིགས་ཡུལ་འགྲུབ་ཆེད། ཐུན་མོང་སྒོས་མི་བསད་པའི་བྱ་སྤྱོད་ནི་བསམ་གཟས་ཏེ་མི་བསད་པའི་ནག་ཉེས་སུ་གྲུབ་པར་ངོས་བཟུང་བ་དང་། གཞུང་གཏུག་ལས་ཁུངས་ཀྱིས་ཉེས་འདོན་བྱས་པའི་ཉེས་མིང་གྲུབ་པས་རྒྱབ་སྐྱོར་བྱ་འོས།

གོང་གི་གྱོད་དོན་འདིར་གཞིགས་ན། ཁོ་གཉིས་ཀྱིས་ནག་ཉེས་གསོག་མགོ་བརྩམས་ནའང་། རྒྱུ་རྐྱེན་གཞན་པའི་དབང་གིས་ཉེས་གསོག་མ་གྲུབ་པར་བཅའ་ཁྲིམས་ལྟར་ནག་ཉེས་བསགས་ཟིན་པའི་ཉེན་ཅན་དང་བསྡུར་ནས་ཉེས་ཆད་ཡང་མོའམ་ཇེ་ཡང་དུ་བཏང་ནས་ཉེས་ཆད་བཅད་ཆོག ཁོ་གཉིས་ཀྱིས་རང་ཉེས་སྦ་གསང་མེད་པར་ཁས་ལེན་བྱས་མཐར་ཁྲིམས་ལྟར་ཉེས་ཆད་ཡང་མོ་བཅད་ཆོག སྒྲོལ་མར་ཁྱོ་གས་གུ་ཡངས་ཐོབ་རྗེས་བབ་བསྟུན་སྒོས་ཉེས་ཆད་ཡང་མོ་བཅད་ཆོག གོང་གསལ་གྱི་གནས་ཚུལ་ཡོངས་ལ་གཞིགས་ནས་སྒོམ་པ་དང་སྒྲོལ་མ་གཉིས་ཀར་དུས་བཀག་བཙོན་འཇུག་ལོ2ཀྱི་ཉེས་ཆད་བཅད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།