ཕ་མ་གཉེན་འཐོར་སྐབས་བུ་ཕྲུག་སྙོར་སྐྱོང་དབང་ཆའི་ཐད་གཏན་འཁེལ་ཅི་ཞིག་ཡོད།

ཡོང་ཁུངས། ཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1084པར་གཏན་འཁེལ་བྱས་དོན། ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་བ་ནི་ཕ་མ་གཉེན་འཐོར་བ་ལ་བརྟེན་ནས་མེད་པར་འགྱུར་འགྲོ་བ་ཞིག་གཏན་ནས་མིན་པར། བཟའ་ཚང་ཐོར་རྗེས་བུ་ཕྲུག་དེ་ཕ་མ་གཉིས་ལས་སུས་ཐད་ཀར་སྙོར་སྐྱོང་བྱས་ནའང་། དེ་ནི་སྔར་བཞིན་ཕ་མ་གཉིས་ཀའི་བུ་ཕྲུག་ཡིན། གཉེན་ཐོར་རྗེས། ཕ་མ་ཕྱོགས་གཉིས་ཀར་སྔར་བཞིན་བུ་ཕྲུག་དེར་སྙོར་སྐྱོང་དང་སློབ་གསོ། སྲུང་སྐྱོང་བཅས་བྱེད་པའི་འོས་འགན་དང་དབང་ཆ་ཡོད།

གཉེན་ཐོར་རྗེས། ལོ་གཉིས་ལ་སོན་མེད་པའི་བུ་ཕྲུག་དེ་སྤྱིར་བཏང་གིས་ཨ་མས་ཐད་ཀར་སྙོར་སྐྱོང་བྱ་དགོས་པ་དང་། ལོ་གཉིས་ཡན་གྱི་བུ་ཕྲུག་གི་སྙོར་སྐྱོང་ཐད་ནས་ཕ་མ་གཉིས་ཀ་གྲོས་མཐུན་མ་བྱུང་ན། མི་དམངས་ཁྲིམས་ཁང་གིས་ཕྱོགས་གཉིས་ཀའི་གནས་ཚུལ་དངོས་ལ་གཞིགས་ནས་ནར་མ་སོན་པའི་བུ་ཕྲུག་གི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་རྩ་དོན་ལྟར་ཐག་གཅད་རྒྱུ། བུ་ཕྲུག་དེ་ལོ་བརྒྱད་ལ་སོན་ཡོད་ན་ཁོ་རང་ཉིད་ཀྱི་འདོད་མོས་དངོས་ལ་བརྩི་འཇོག་བྱ་དགོས།

གཞན་བཟའ་ཟླའི་འབྲེལ་བ་བཅད་རྗེས། བཟའ་ཟླ་གཉིས་ཀ་གཉེན་བསྒྲིགས་པ་ལ་བརྟེན་ནས་བྱུང་བའི་མི་ལུས་དང་རྒྱུ་ནོར་གྱི་འབྲེལ་བ་མེད་པར་གྱུར་པ་ཡིན་མོད། འོན་ཀྱང་ཕ་མ་དང་བུ་ཕྲུག་བར་གྱི་ཤ་ཁྲག་གི་འབྲེལ་བ་ནི་ཕ་མ་གཉིས་ཀ་གཉེན་འཐོར་བ་ལ་བརྟེན་ནས་མེད་པར་འགྱུར་འགྲོ་བ་ཞིག་གཏན་ནས་མིན། བཟའ་ཟླ་གཉེན་ཐོར་རྗེས་ཕྱོགས་གཉིས་ཀར་སྔར་བཞིན་བུ་ཕྲུག་ལ་སྙོར་སྐྱོང་དང་སློབ་གསོ། སྲུང་སྐྱོང་བཅས་བྱེད་པའི་ཁེ་དབང་དང་འོས་འགན་ཡོད། གཉེན་ཐོར་བའི་ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་བ་མེད་པར་གཏོང་མི་ཐུབ་མོད། འོན་ཀྱང་སྙོར་སྐྱོང་བྱེད་སྟངས་ལ་གཉེན་ཐོར་བའི་དབང་གིས་འགྱུར་ལྡོག་འབྱུང་བ་ཡིན། ཕ་མ་ཕྱོགས་གཉིས་ཀར་བུ་ཕྲུག་སྙོར་སྐྱོང་ཐད་ཀྱི་རྩོད་གླེང་འབྱུང་དུས། བུ་ཕྲུག་གི་ལུས་སེམས་བདེ་ཐང་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་ཆེད། བུ་ཕྲུག་གི་སྙོར་སྐྱོང་དབང་ཆའི་ཐད་ཀྱི་གནད་དོན་ཐག་གཅོད་པའི་གཞི་འཛིན་ས་དང་རྨང་གཞིའི་རྩ་དོན་གཏན་འཁེལ་བྱས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།