འོ་མའི་རོ་ནུས།
འོ་མ་ཕལ་ཆེར་རོ་མངར་ལ། ནུས་པ་སྣུམ་ཞིང་ལྕི་བས་ལུས་ཟུངས་འཕེལ་བར་བྱེད་ཅིང་མདངས་བསྐྱེད། རླུང་དང་མཁྲིས་པ་སེལ། རོ་ཙ་དང་བད་ཀན་བསྐྱེད་པ་ཡིན།
བ་ཡི་འོ་མ།
རྩྭ་ཆུ་གཙང་མར་སྤྱོད་ཅིང་དྲག་དལ་སྙོམས་པའི་བ་ཡི་འོ་མ་གློ་རྡོལ་དང་གློ་གཅོང་ལ་ཕན། རིམས་རྙིང་དང་གཅིན་སྙི་སེལ། ཡིད་གཞུངས་པ་དང་རིང་དུ་འཚོ་བར་བྱེད་པ་ཡིན།
ར་ཡི་འོ་མ།
རྩྭ་ཆུ་གཙང་མར་སྤྱོད་ཅིང་དྲག་དལ་སྙོམས་པའི་ར་ཡི་འོ་མས་དབུགས་མི་བདེ་བ་སེལ།
ལུག་གི་འོ་མ།
རྩྭ་ཆུ་གཙང་མར་སྤྱོད་ཅིང་དྲག་དལ་སྙོམས་པའི་ལུག་གི་འོ་མས་རླུང་འཇོམས་ཀྱང་སྙིང་ལ་གནོད་པ་ཡིན།
འབྲི་ཡི་འོ་མ།
རྩྭ་ཆུ་གཙང་མར་སྤྱོད་ཅིང་དྲག་དལ་སྙོམས་པའི་འབྲི་ཡི་འོ་མས་བད་ཀན་དང་མཁྲིས་པའི་ནད་ཅན་ལ་གནོད་དེ། བད་མཁྲིས་སྐྱེད་པར་བྱེད་དོ།
འོ་རློན་དང་བཞོས་ཐོག་འོ་མ།
འོ་མ་རློན་པའམ་གྲང་མོ་ལྕི་ལ་བསིལ་བས། སྲིན་དང་བད་ཀན་སྐྱེད། བསྐོལ་ན་ཡང་ཞིང་དྲོ་བ་ཡིན། སུམ་ཆའམ་བཞི་ཆར་བསྡུས་པ་ནི་འཇུ་དཀའ་བ་ཡིན། བཞོས་མ་ཐག་པའི་འོ་མ་དྲོན་མོ་ནི་བདུད་རྩིར་མཚུངས་པའོ།
ཞོ་སྐྱ།
འོ་མའི་སྙིང་པོར་མར་བཏོན་པའི་ཞོ་སྐྱས་ཕོ་བའི་མེ་དྲོད་རླུང་གིས་མ་སྙོམས་པ་རེས་ཆེ་རེས་ཆུང་བྱེད་པ་སེལ་ཏེ་སྙོམས་པར་བྱེད། ཆམ་རིམས་དང་འགྲམས་འཁྲུགས། འཁྲུ་བ་སེལ།
ཞོ་རྨུན།
མར་མ་ཕྱུང་བའི་ཞོ་རྨུན་ནི་རོ་དང་ཞུ་རྗེས་གཉིས་ཀ་སྐྱུར། ནུས་པ་བསིལ་ལ་སྣུམ་པས་རྟུག་པ་སྐེམ། རླུང་ཚད་ལྡན་པ་སེལ་ཞིང་ཡི་ག་འབྱེད་དོ། །