ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས།

ཡོང་ཁུངས། ཀྲུང་གོའི་བོད་སྐད་ཡིག་མཐོ་རིམ་ནང་བསྟན་སློབ་གླིང་།

༄༅།།རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུད་ཀྱི་བཀའ་རྒྱ།

ཨང་5པ།

《བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས》འདི་སྤྱི་ལོ་2007ལོའི་ཟླ་7པའི་ཚེས་13ཉིན་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུད་ཀྱི་ལས་དོན་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བས། ད་ལྟ་ཁྱབ་བསྒྲགས་བྱས་ནས་སྤྱི་ལོ་2007ལོའི་ཟླ་9པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

ཅུད་ཀྲང་། ཡེ་ཞའོ་ཝུན་ནས།

སྤྱི་ལོ་2007ལོའི་ཟླ་པའི་7ཚེས་18ཉིན།

༄༅།།བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས།

དོན་ཚན་དང་པོ། སྤྱི་དམངས་ཀྱི་ཆོས་དད་རང་དབང་འགན་སྲུང་དང་། བོད་བརྒྱུད་ནང་བསྟན་བླ་སྤྲུལ་ངོས་འཛིན་ཁྲི་འདོན་བྱེད་སྟངས་ལ་བརྩི་འཇོག ཡང་སྲིད་ངོས་འཛིན་བྱེད་པའི་ལས་དོན་དོ་དམ་ཚད་ལྡན་ཡོང་བ་བཅས་ཀྱི་ཆེད《ཆོས་ལུགས་ལས་དོན་སྲོལ་ཡིག》གཞིར་བཟུང་སྟེ། བྱ་ཐབས་འདི་གཏན་ལ་ཕབ།

དོན་ཚན་གཉིས་པ། ཡང་སྲིད་ངོས་འཛིན་བྱེད་སྐབས་རྒྱལ་ཁབ་ཀྱི་གཅིག་གྱུར་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོབ། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་སྲུང་སྐྱོབ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོབ་བྱེད་པའི་རྩ་དོན་ལ་བརྩི་སྲུང་ཞུ་དགོས།

ཡང་སྲིད་ངོས་འཛིན་བྱེད་སྐབས་བོད་བརྒྱུད་ནང་བསྟན་གྱི་འགྲོ་ལུགས་དང་ལོ་རྒྱུས་ཀྱི་གཏན་འབེབས་ལ་བརྩི་བཀུར་ཞུ་དགོས། འོན་ཀྱང་མེད་པར་བཟོས་ཟིན་པའི་བཀས་བཀོད་རྒྱུད་འཛིན་གྱི་ཁྱད་དབང་སླར་གསོ་བྱེད་མི་ཆོག

ཡང་སྲིད་ངོས་འཛིན་བྱེད་སྐབས་ཕྱི་རྒྱལ་གྱི་རྩ་འཛུགས་སམ་མི་སྒེར་གྱི་ཐེ་ཇུས་དང་བཀོད་པ་དང་ལེན་བྱེད་མི་ཆོག

དོན་ཚན་གསུམ་པ། ཡང་སྲིད་ངོས་འཛིན་བྱེད་པར་གཤམ་གསལ་གྱི་ཆ་རྐྱེན་འཛོམ་དགོས།

(གཅིག) ས་གནས་དེ་གའི་དད་ལྡན་མང་ཚོགས་མང་ཤོས་དང་དགོན་པའི་དོ་དམ་རྩ་འཛུགས་ཀྱིས་ངོས་འཛིན་རེ་ཞུ་བཏོན་པ།

(གཉིས)ཡང་སྲིད་རྒྱུད་རིམ་འཁྲུལ་མེད་ཡིན་པར་མ་ཟད། ད་བར་སྐུ་ཕྲེང་རིམ་པར་བྱོན་པ།

(གསུམ) བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་རེ་ཞུ་འདོན་མཁན་གདན་ས་དེ་བླ་སྤྲུལ་དེའི་གདན་ས་ཡིན་པར་མ་ཟད། ཁྲིམས་ལྟར་ཐོ་འགོད་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་སྤེལ་གནས་ཡིན་ལ། ཡང་སྲིད་བླ་སྤྲུལ་གསོ་སྐྱོང་དང་བསྙེན་བཀུར་ཞུ་ནུས་ཀྱང་ལྡན་དགོས།

དོན་ཚན་བཞི་པ། སྙན་སེང་ངོས་འཛིན་ཞུ་བའི་རེ་བ་བཏོན་པར་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཡང་སྲིད་ངོས་འཛིན་བྱེད་མི་ཆོག

(གཅིག)བོད་བརྒྱུད་ནང་བསྟན་ཆོས་གཞུང་དུ་ཡང་སྲིད་ངོས་འཛིན་ཞུ་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ།

(གཉིས)ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཡང་སྲིད་ངོས་འཛིན་བྱེད་མི་ཆོག་པའི་བཀའ་རྒྱ་ཁ་གསལ་བཏང་བ།

དོན་ཚན་ལྔ་པ། ཡང་སྲིད་ངོས་འཛིན་བྱེད་པར་ཆོག་མཆན་ཞུ་བའི་འགྲོ་ལུགས་འགྲིམ་དགོས། ཆོག་མཆན་ཞུ་བའི་བརྒྱུད་རིམ་ནི་ངོས་འཛིན་ཞུ་བའི་བླ་སྤྲུལ་གྱི་ཡང་སྲིད་དེའི་གདན་སའི་དོ་དམ་རྩ་འཛུགས་སམ་ས་གནས་དེའི་ནང་བསྟན་མཐུན་ཚོགས་ཀྱི་གནས་ཡུལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་ལ་ཡང་སྲིད་འཛིན་གྱི་རེ་འདུན་ཞུ་རྒྱུ་དང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་བསམ་འཆར་བཏོན་རྗེས། མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་གྱིས་རིམ་པ་བཞིན་གོང་ལ་སྙན་ཞུ་ཕུལ་ཏེ། ཞིང་ཆེན་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་གྱིས་ཞིབ་བཤེར་ཆོག་མཆན་སྤྲོད་དགོས། དེའི་ནང་གི་ཆོས་ལུགས་ལས་རིགས་སུ་སྙན་གྲགས་ཅུང་ལྡན་པའི་བླ་སྤྲུལ་གྱི་རིགས་ཞིང་ཆེན་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས། སྙན་གྲགས་ཆེན་པོ་ལྡན་པའི་ལས་དོན་གྱི་རིགས། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུད་ལ་ཆོག་མཆན་ཞུ་རྒྱུ། སྙན་གྲགས་ཧ་ཅང་ཆེ་བའི་བླ་སྤྲུལ་གྱི་རིགས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས།

ཡང་སྲིད་ངོས་འཛིན་བྱེད་པའི་རེ་ཞུར་ཞིབ་མཆན་འགོད་སྐབས། དེ་མཚུངས་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས།

དོན་ཚན་དྲུག་པ། ཡང་སྲིད་ཀྱི་སྙན་གྲགས་ཆེ་ཆུང་ལ་རྩོད་གླེང་ཡོད་ཚེ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ངོས་འཛིན་བྱེད་ཆོག་པ་དང་། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུད་ལ་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་བདུན་པ། སྙན་སེང་ངོས་འཛིན་རེ་ཞུར་ཆོག་མཆན་ཐོབ་རྗེས། བླ་སྤྲུལ་གྱི་སྙན་གྲགས་ཆེ་ཆུང་ལ་གཞིགས་ཏེ། དེ་མཚུངས་ཀྱི་ནང་བསྟན་མཐུན་ཚོགས་ཀྱིས་ཡང་སྲིད་ངོས་འཛིན་སློབ་སྟོན་ཚོགས་ཆུང་འཛུགས་རྒྱུ་དང་། ངོས་འཛིན་ཞུ་མཁན་ཡང་སྲིད་བླ་སྤྲུལ་དེའི་དོ་དམ་རྩ་འཛུགས་སམ་རིམ་པ་འདི་མཚུངས་ཀྱི་ནང་བསྟན་མཐུན་ཚོགས་ཀྱིས་ཡང་སྲིད་བཙལ་འཚོལ་ཚོགས་ཆུང་བཙུགས་ནས། སློབ་སྟོན་ཚོགས་ཆུང་གིས་སློབ་སྟོན་འོག་བཙལ་འཚོལ་ལས་དོན་ཁག་སྤེལ་རྒྱུ།

ཡང་སྲིད་ཞིང་ཆེན་དང་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་སམ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་ཆོས་ལུགས་ཀྱི་འགྲོ་ལུགས་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལྟར་ངོས་འཛིན་བྱེད་དགོས།

ཚོགས་པ་དང་མི་སྒེར་སུ་ཞིག་ཡིན་རུང་བླ་སྤྲུལ་གྱི་ཡང་སྲིད་བཙལ་འཚོལ་དང་ངོས་འཛིན་གྱི་འབྲེལ་ཡོད་བྱེད་སྒོ་རང་དགར་སྤེལ་མི་ཆོག

དོན་ཚན་བརྒྱད་པ། ལོ་རྒྱུས་ཐོག་གསེར་བུམ་དཀྲུག་འདོན་བྱས་ཏེ་ཐུགས་ཐག་གཅོད་པའི་བླ་སྤྲུལ་ཡིན་ཕྱིན། དེའི་ཡང་སྲིད་ངོས་འཛིན་ཞུ་སྐབས་གསེར་བུམ་དཀྲུག་འདོན་བྱེད་དགོས།

གསེར་བུམ་དཀྲུག་འདོན་བྱེད་མི་དགོས་པའི་རེ་འདུན་ཞུས་ཚེ། ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་གྱིས་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུད་ལ་ཆོག་མཆན་ཞུ་དགོས། སྙན་གྲགས་དམིགས་བསལ་ཆེ་བའི་རིགས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས།

དོན་ཚན་དགུ་པ། བླ་སྤྲུལ་གྱི་ཡང་སྲིད་ཐུགས་ཐག་བཅད་རྗེས། ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས། ཆོས་ལུགས་ལས་རིགས་ཁྲོད་སྙན་གྲགས་ཅུང་ཆེ་བའི་བླ་སྤྲུལ་གྱི་རིགས་ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས། སྙན་གྲགས་ཆེན་པོ་ལྡན་པའི་བླ་སྤྲུལ་གྱི་རིགས་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུད་ལ་ཆོག་མཆན་ཞུ་དགོས། སྙན་གྲགས་དམིགས་བསལ་ཆེ་བའི་བླ་སྤྲུལ་གྱི་རིགས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས།

ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་ནམ་ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་བའི་ཡང་སྲིད་བླ་སྤྲུལ་གྱི་རིགས་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུད་ལ་ཐོ་འགོད་སྙན་ཞུ་འབུལ་དགོས།

དོན་ཚན་བཅུ་པ། ཡང་སྲིད་ལས་དོན་ཁྲི་འདོན་བྱེད་སྐབས། ཆོག་མཆན་སྤྲོད་མཁན་ལས་ཁུངས་འཐུས་ཚབ་ཀྱི་བཀའ་འཁྲོལ་ཡིག་ཆ་སྒྲོག་སྦྱང་བྱ་རྒྱུ་དང་། དེ་མཚུངས་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་སྤྲུལ་སྐུའི་དཔང་ཡིག་སྤྲོད་རྒྱུ།

བླ་སྤྲུལ་གྱི་དཔང་ཡིག་གི་རྣམ་པའམ་བཟོ་དབྱིབས་དེ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་གཅིག་གྱུར་བཟོས་ནས་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུད་ལ་ཐོ་འགོད་སྙན་ཞུ་འབུལ་དགོས།

དོན་ཚན་བཅུ་གཅིག་པ། བྱ་ཐབས་འདི་དང་འགལ་ཏེ། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་ལས་དོན་རང་མཚམས་ཀྱིས་སྤེལ་ཚེ། མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་གྱིས《ཆོས་ལུགས་ལས་དོན་སྲོལ་ཡིག》འདིའི་གཏན་འབེབས་ལྟར། འགན་འཁྲི་ཡོད་མཁན་གྱི་མི་སྣ་དང་ཚན་པར་སྲིད་འཛིན་ཐད་ཀྱི་ཆད་པ་གཅོད་དགོས། ཉེས་གསོག་གི་ཚད་ལ་སླེབས་རིགས་ལ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས།

དོན་ཚན་བཅུ་གཉིས་པ། ཡང་སྲིད་བླ་སྤྲུལ་ཁྲི་འདོན་བྱས་རྗེས། གདན་སའི་དོ་དམ་རྩ་འཛུགས་ཀྱིས་ངེས་པར་དུ་ཡང་སྲིད་གསོ་སྐྱོང་བྱེད་པའི་འཆར་གཞི་བཟོ་དགོས་པ་དང་། ཡོངས་འཛིན་འོས་སྦྱོར་བྱ་དགོས་ཤིང་། ས་གནས་དེ་གའི་ནང་བསྟན་མཐུན་ཚོགས་ཀྱིས་ཞིབ་བཤེར་བྱས་ཐོག རིམ་པ་བཞིན་ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་ལ་ཞིབ་བཤེར་ཆོག་མཆན་ཞུ་དགོས།

དོན་ཚན་བཅུ་གསུམ་པ། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་དོན་དག་དང་འབྲེལ་བ་ཡོད་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་བྱ་ཐབས་འདི་གཞིར་བཟུང་སྟེ་ལག་བསྟར་སྲོལ་ཞིབ་གཏན་འབེབས་བྱེད་ཆོག་པ་དང་། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུད་ལ་ཐོ་འགོད་སྙན་ཞུ་འབུལ་དགོས།

དོན་ཚན་བཅུ་བཞི་པ། བྱ་ཐབས་འདི་སྤྱི་ལོ་2007ལོའི་ཟླ་9པའི་ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།