རྨ་སྦྱར་ལེགས་པར་སྦྱར་ན་ད་གཟོད་ནུས་པ་ཐོན།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ནམ་རྒྱུན་གྱི་འཚོ་བའི་ནང་དུ། བརྡབས་འགྲམས་སོགས་ཀྱི་དབང་གིས་རྨ་ཁ་ཕྲན་ཚེགས་རེ་བཏོད་པ་ནི་ཤིན་ཏུ་རྒྱུན་ལྡན་ཡིན། སྐབས་དེར་མི་རྣམས་ཀྱིས་རྨ་སྦྱར་སྤྱད་དེ་རྨ་ཁ་སྲུང་བར་བྱེད་པ་ཡིན། ཡིན་ནའང་། རྨ་སྦྱར་ལེགས་པར་མ་སྦྱར་ན་རྨ་ཁ་རྣག་པ་དང་ཁྲོས་པར་འགྱུར་བའང་ཡོད་པས། འདིར་རྨ་སྦྱར་ཇི་ལྟར་སྦྱར་ན་ད་གཟོད་རྨ་ཁ་སོས་པར་ཕན་པ་ཅུང་ཙམ་བརྗོད་པར་བྱ།

རྨ་སྦྱར་མ་སྤྱད་པའི་ཡར་སྔོན་དུ། རྨ་ཁ་གཙང་མ་བཟོ་བ་དང་དུག་སེལ་བྱེད་པར་མཉམ་འཇོག་དགོས་ལ། དེ་ལྟ་ཡིན་ཚེ་གཞི་ནས་རྨ་སྦྱར་བཏོན་ནས། རྨ་སྦྱར་གྱི་སྨན་ཡོད་ས་དེ་རྨ་ཁར་ལེགས་པར་གཏད་ནས་སྦྱོར་དགོས། དེ་ཡང་རྨ་སྦྱར་གྱི་གཡས་གཡོན་གཉིས་སུ་ཡོད་པའི་ནང་ཤུན་གཉིས་བཤུ་དགོས་ལ། ལག་པས་རྨ་སྦྱར་གྱི་ནང་ངོས་སུ་མི་རེག་པ་བྱེད་དགོས།

གལ་ཏེ་རྨ་ཁ་ནི་ཅུང་ཟད་ངོས་མཉམ་པའི་གནས་སུ་ཡོད་ཚེ། རྨ་སྦྱར་ཐད་ཀར་དུ་སྙོམས་པར་སྦྱར་ཆོག་པ་དང་། རྨ་སྦྱར་གྱི་སྣེ་གཉིས་ལེགས་པར་མནན་ནས་བརྟན་པོ་ཡོང་བར་བྱེད་དགོས། གལ་ཏེ་རྨ་ཁ་ནི་རྐང་ལག་གི་མཛུབ་མོའི་གནས་སུ་ཡོད་ཚེ། རྨ་སྦྱར་གྱིས་དམ་དུ་དཀྲིས་པ་མི་ལེགས་ཏེ། རྐང་ལག་གི་མཛུབ་ཚུགས་ཀྱི་འགུལ་སྐྱོད་དང་མཛུབ་མོའི་ཁྲག་རྒྱུན་འཁོར་རྒྱུག་ལ་གནོད་པ་ཡོད། དེ་བས་རྨ་སྦྱར་གྱི་སྣེ་གཉིས་དཀྱིལ་ནས་ཉིས་ཚེབ་ཏུ་དྲས་རྗེས། དབུས་ཀྱི་སྨན་ཡོད་ས་དེ་རྨ་ཁའི་སྟེང་དུ་གཡོགས་པ་དང་། སྣེ་གཉིས་སོ་སོ་རྐང་ལག་གི་མཛུབ་མོའི་སྟེང་དུ་བསྣོལ་ནས་སྦྱོར་དགོས་པ་ཡིན།

རྨ་སྦྱར་ནི་ཐེངས་གཅིག་ལས་སྤྱོད་མི་ཆོག་པའི་སྲིན་མེད་ཐོན་རྫས་ཤིག་ཡིན་པས། གལ་ཏེ་ཕྱི་ཐུམ་ལ་གཏོར་བརླག་ཐེབས་པའམ་ཡང་ན་ཁ་ཕྱེ་ཡོད་ཚེ་མ་སྤྱད་ན་ལེགས། རྨ་སྦྱར་ལེགས་པར་སྦྱར་རྗེས། རྨ་ཁའི་གནས་དང་མཐའ་འཁོར་གྱི་གཙང་སྦྲ་ལ་ཤིན་ཏུ་གཟབ་དགོས་པ་དང་། བརླན་མི་ཐེབས་པར་བྱེད་རྒྱུའང་གལ་ཆེ། རྨ་ཁའི་གནས་དེ་ལ་བསྐྱར་དུ་བརྡབས་འགྲམས་མི་འབྱུང་བར་བྱེད་དགོས།

རྨ་སྦྱར་བརྗེ་བའི་དུས་ཡུན་ནི་ཆུ་ཚོད24ལས་བརྒལ་མི་རུང་། རབ་ཡིན་ན་ཆུ་ཚོད6ནས8ཙམ་ལ་ཐེངས་རེ་བརྗེས་ན་ལེགས་ཤིང་། ཞོར་དུ་རྨ་ཁའི་གནས་ཚུལ་ལ་ལྟ་རྟོག་བྱེད་དགོས། གལ་ཏེ་རྨ་ཁ་ལ་ཁྲག་དང་ཆུ་སེར་འཛུམ་པ། ན་ཟུག་ཆེ་བ་སོགས་བྱུང་བ་དང་། ཡང་ན་རྨ་སྦྱར་ཆུ་ལ་བྲན་ཚེ་ལམ་སང་གསར་དུ་བརྗེ་དགོས། གལ་ཏེ་རྨ་ཁ་སྐྲངས་པ་དང་ཆུ་སེར་དང་ན་ཟུག་བྱུང་བ། ཡང་ན་གཟའ་འཁོར་གཅིག་འདས་རྗེས་ཀྱང་རྨ་ཁ་མ་སོས་ན་དུས་ཐོག་ཏུ་སྨན་པར་བསྟེན་དགོས། །

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།