མགོ་ན་བ་དང་ཕོ་བ་གཟེར་བ། རུས་ཚིགས་ན་བ་སོགས་ན་ཟུག་གི་རིགས་སྣ་ཚོགས་ཀྱིས་ནད་པའི་འཚོ་བ་ལ་ཤུགས་རྐྱེན་ཆེན་པོ་བཟོ་བ་ཡིན། ན་ཟུག་གཅོག་པའི་ཆེད་དུ། ཟུག་གཅོག་གི་སྨན་བསྟེན་པ་ནི་མི་རྣམས་ཀྱི་གདམ་ག་དང་པོ་དེ་རེད། ནད་པ་རེ་འགས་སྨན་པར“ཟུག་གཅོག་གི་སྨན་མཆོག་ཏུ་གྱུར་པ་ཞིག་ཡོད་ན་རིན་གོང་མཐོ་ཡང་སྐྱོན་མེད། ང་ལ་དེ་སྟེར་རོགས”ཞེས་བརྗོད་པར་བྱེད། དོན་གྱིས་ཟུག་གཅོག་ལ་མཆོག་ཏུ་བསྔགས་པའི་སྨན་ཞིག་མིག་སྔར་ད་དུང་བྱུང་མེད།
ན་ཟུག་ནི་སོ་སོའི་ལུས་ཕུང་གི་ཁྱད་པར་དང་འབྲེལ། མི་རེ་རེའི་ན་ཟུག་གི་མྱོང་ཚོར་དང་སྨན་རྫས་ཀྱིས་ཐེབས་པའི་ཤུགས་རྐྱེན་ནི་འདྲ་བ་མིན། མི་ལ་ལ་ནི་ཟུག་གཅོག་གི་སྨན་རིགས་ཤིག་ལ་ཤིན་ཏུ་ཚོར་བ་རྐྱེན་པོ་ཡོད་ནའང་། མི་གཞན་དག་ནི་སྨན་དེ་རིགས་ལ་ཚོར་བ་ཅི་ཡང་མེད། དེ་བས་མི་ཐམས་ཅད་ལ་ཕན་པའི་ཟུག་གཅོག་གི་སྨན་ཞིག་ངོས་འཛིན་རྒྱུ་མེད།
སྨན་རྫས་ཀྱི་ལོག་སྐྱོན། སྨན་ཡིན་པ་ཐམས་ཅད་ལ་ལོག་སྐྱོན་ཞིག་ངེས་པར་ཡོད་དེ། ཟུག་གཅོག་གི་སྨན་ཡང་དེ་བཞིན་ཡིན། ཟུག་གཅོག་གི་སྨན་དུས་ཡུན་རིང་པོར་བསྟེན་ན་ཕོ་བ་དང་རྒྱུ་མ། མཁལ་མ་དང་མཆིན་པ་བཅས་ལ་གནོད་པར་མ་ཟད། སྨན་ལ་ལོབས་པར་འགྱུར་བ་སོགས་ཀྱི་གནད་དོན་ཡང་འབྱུང་སྲིད། དེ་བས། ཟུག་གཅོག་གི་སྨན་འདེམས་སྐབས། སྨན་གྱི་ནུས་པ་དང་ལོག་སྐྱོན་གང་འདྲ་ཡིན་པར་ཞིབ་ཏུ་བརྟག་ནས། སྨན་གང་དང་ཅི་བསྟེན་ན་ལེགས་མིན་ལ་བསམ་བློ་ཡང་དག་གཏོང་དགོས།
ནད་ཀྱི་རྒྱུ་ལ་བལྟས་ནས་གསོ་བཅོས་བྱེད་པ། ན་ཟུག་གི་རིགས་མང་པོ་ཞིག་ལ་ཟུག་གཅོག་གི་བཅོས་ཐབས་ཁོ་ནས་ཕྱི་ཡི་ནད་རྟགས་ཙམ་གཞོམ་པ་ལས་ནད་ཀྱི་རྩ་བ་བཅོ་མི་ནུས། དཔེར་ན་རུས་ཆག་ལས་བསྐྱེད་པའི་ན་ཟུག་ལ་རུས་གནས་སླར་གསོ་དང་བརྟན་འཇགས་ཀྱི་གསོ་བཅོས་བྱེད་དགོས་ལ། སྙིང་ལ་ཁྲག་མ་འདང་བའི་ན་ཟུག་ལ་སྙིང་དང་ཁྲག་རྩའི་སྨན་དང་གཤག་བཅོས་སོགས་བྱེད་དགོས་པ་ལྟ་བུ། དེ་བས་ན་ཟུག་གཅོག་པ་ལ་ད་དུང་ནད་ཀྱི་རྒྱུ་ལ་དཔག་ནས་གསོ་བཅོས་བྱེད་རྒྱུ་གལ་ཆེ།
སྐས་རིམ་གསོ་བཅོས་ཀྱི་རྩ་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྐས་རིམ་གསོ་བཅོས་ཀྱི་རྩ་དོན་ལྟར། ན་ཟུག་གཅོག་པའི་བཅོས་ཐབས་ལ་རིམ་བཞིན་རིམ་པ་སྤོར་དགོས་པ་ཡིན། ན་ཟུག་ཆུང་བའི་དུས་སུ། ཙེ་གཟུགས་མིན་པའི་གཉན་གཅོག་སྨན་སོགས་གདམ་བྱ་དང་པོ་ཡིན། གལ་ཏེ་དེ་ལས་ན་ཟུག་གཅོག་ཐབས་མ་བྱུང་ན། ལྟེ་གནས་དབང་རྩའི་ཟུག་གཅོག་སྨན་དང་ཨ་ཕེན་རིགས་ཀྱི་ཟུག་གཅོག་སྨན་བསྟེན་དགོས་མིན་ལ་བསམ་བློ་གཏོང་དགོས། རིམ་བཞིན་རིམ་པ་གོང་དུ་སྤར་བའི་བཅོས་ཐབས་འདི་ནི་སྨན་རྫས་བསྟེན་དྲགས་པ་དང་སྨན་རྫས་ལ་ལོབས་པར་གྱུར་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་བར་ཕན་པ་ཞིག་ཡིན།
ཟུག་གཅོག་གི་བཅོས་ཐབས་སྣ་མང་བསྟེན་པ། ཕྱི་རྨ་དང་གཤག་བཅོས་དང་སྐྲན་ངན་སོགས་ལས་བསྐྱེད་པའི་ན་ཟུག་ཚབས་ཆེ་བ་དང་། སྨན་སྣ་གཅིག་གིས་མ་ཕན་ཚེ། ཟུག་གཅོག་གི་བཅོས་ཐབས་སྣ་མང་མཉམ་བསྟེན་གྱིས་གསོ་བཅོས་བྱས་ཏེ། སྨན་རྫས་འགའ་རེའི་ནུས་པ་གཅིག་ལ་གཅིག་གྲོགས་སུ་འགྱུར་བར་བྱེད་པ་དང་། དེ་ལ་བརྟེན་ནས་ན་ཟུག་ལེགས་པོར་གཅོག་པའི་ཕན་འབྲས་ཐོན་པར་བྱེད་ཆོག་པར་མ་ཟད། ཟུག་གཅོག་གི་སྨན་སྣ་རེ་རེའི་བསྟེན་ཚད་ཇེ་ཉུང་དུ་བཏང་ནས། སྨན་སྣ་རེ་རེའི་ལོག་སྐྱོན་ཇེ་ཆུང་དུ་གཏོང་ཐབས་བྱེད་ཆོག དེ་ལས་ཙེ་གཟུགས་མ་ཡིན་པའི་གཉན་གཅོག་སྨན་ནི་ཟུག་གཅོག་གི་བཅོས་ཐབས་སྣ་མང་མཉམ་བསྟེན་བྱེད་ཐབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཏེ། དེས་ཨ་ཕེན་རིགས་ཀྱི་སྨན་རྫས་ཀྱི་བསྟེན་ཚད་དང་ལོག་སྐྱོན་ཇེ་ཉུང་དུ་གཏོང་ཐུབ།