2025ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒན་རྒོན་གྱི་བསམ་ཡུལ་ལས་འདས་པའི་ཉེན་འགོག་འགན་བཅོལ་བྱ་བ་ཕྱོགས་ཡོངས་ནས་འགོ་བརྩམས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཤ་མོ་འཚོ།

རང་རེའི་དྲ་བའི་འཕྲིན། ཟླ2པའི་ཚེས17ཉིན། 2025ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒན་རྒོན་གྱི་བསམ་ཡུལ་ལས་འདས་པའི་ཉེན་འགོག་འགན་བཅོལ་བྱ་བ་ཕྱོགས་ཡོངས་ནས་འགོ་བརྩམས་པ་དང་། རང་རེའི་ཞིང་ཆེན་གྱི་ཐེམ་ཐོ་ཡོད་པའམ་ཡང་ན་མཚོ་སྔོན་དུ་རྒྱུན་སྡོད་བྱེད་པའི་ལོ50ཡན་གྱི་མི་ཚོགས་ཚང་མ་འགན་བཅོལ་ནང་ཞུགས་ཆོག 

ཐེངས་འདིའི་འགན་བཅོལ་ནང་ཞུགས་པར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐེམ་ཐོ་དང་རྒྱུན་སྡོད་རྒན་རྒོན་གཉིས་ཀྱི་ཚད་གཞི་དང་ཞབས་ཞུ་གཅིག་མཚུངས་ཡིན་ཏེ།སྲིད་གཞུང་གིས་སྐུལ་ཁྲིད་ཁ་གསབ་བྱེད་པ་དང་མི་སྒེར་རང་མོས་ངང་ཞུགས་པའི་རྩ་དོན་ལྟར་འགན་བཅོལ་གྲོན་དངུལ་སྤྲོད་པ་དང་། གྲོང་གསེབ་ཀྱི་འགན་ལེན་ལྔའི་ཁྱིམ་ཚང་དང་གྲོང་ཁྱེར་དང་གྲོང་རྡལ་གྱི“མེད་པ་གསུམ”གཟིགས་སྐྱོང་བྱ་ཡུལ་གཙོ་བོར་བཟུང་ཡོད་པ་སྟེ།དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་གཞིས་སྲུང་རྒན་པ་དང་ལས་ཀའི་ནུས་པ་ཤོར་བའི་རྒན་རྒོན་སོགས་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ལོ60ཡན་གྱི་རྒན་རྒོན་ལ་མི་རེར་ལོ་རེར་སྒོར30ཁ་གསབ་བྱ་རྒྱུ་དང་། གཞན་ལོ60ཡན་གྱི་རྒན་རྒོན་ལ་མི་རེར་ལོ་རེར་སྒོར10ཡི་ཁ་གསབ་བྱ་རྒྱུ་རེད། བསམ་ཡུལ་ལས་འདས་པའི་ཉེན་འགོག་འགན་བཅོལ་རེར་སྒོར30སྤྲོད་དགོས་པ་དང་། མི་རེ་ཡིས་སྣ4རེ་ལས་ཉོས་མི་ཆོག འགན་སྲུང་བྱེད་པའི་རིང་ལ། བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་སྟེ་ཤི་བ་དང་ཡང་ན་དབང་པོ་སྐྱོན་ཅན་དུ་གྱུར་པ། རུས་ཆག་བྱུང་བ། འཚིག་རྨས་བྱུང་བ། འགྲིམ་འགྲུལ་དོན་རྐྱེན། དབང་བོ་སྐྱོན་ཅན་གྱི་རམ་འདེགས་ཡོ་བྱད། མྱུར་སྐྱོབ་རླངས་འཁོར་གྱི་གྲོན་དངུལ།བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱིས་སྨན་ཁང་དུ་སྡོད་པའི་ཕོགས་སྣོན་སོགས་ཀྱི་འགྲོ་གྲོན་ཚང་མ་འགན་བཅོལ་ཀུང་སིས་སྟེར་རྒྱུ་ཡིན་པ་དང་། སྐྱིན་ཚབ་མཐོ་ཤོས་སྒོར་ཁྲི10ཡིན། རྒྱ་ཆེའི་རྒན་རྒོན་རྣམས་འགན་བཅོལ་ནང་ཞུགས་པར་སྟབས་བདེ་བཟོ་ཆེད། ཞིང་ཆེན་དམངས་སྲིད་ཐིང་གིས“མཚོ་སྔོན་དམངས་ཕན་འགན་བཅོལ”ཞེས་པའི་སྤྱི་རྟགས་བཙུགས་ཡོད་ལ། རང་རང་ཐག་ཉེ་སའི་སྡེ་བའི(སྡེ་དམངས)ཨུ་ལྷན་ནམ་ཡང་ན་སྲང་ལམ་དོན་གཅོད་ཁྲུའུ་རུ་སོང་ནས་འགན་བཅོལ་ནང་ཞུགས་ཀྱང་ཆོག 

རྒྱུས་ལོན་པ་ལྟར་ན། 2024ལོར་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་མཉམ་དུ་སྐུལ་འདེད་བྱས་འོག རང་རེའི་ཞིང་ཆེན་གྱི་རྒན་རྒོན་གྱི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱི་ཉེན་འགོག་འགན་བཅོལ་ནང་ཞུགས་མཁན502740ལ་བསླེབས་པ་དང་། འགན་བཅོལ་ནང་ཞུགས་པའི་མི་གྲངས་བསྟུད་མར་ལོ་གསུམ་ལ་ཁྲི50ལས་བརྒལ་ཞིང་། དམིགས་བསལ་དབུལ་ཕོངས་རྒན་རྒོན་འགན་བཅོལ་ནང་ཞུགས་ཚད་བསྟུད་མར་ལོ་བཞི་ལ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་། ལོ་འཁོར་མོའི་ནང་གྱོད་གཞི1799ཐག་བཅད་དེ་སྐྱིན་ཚབ་སྤྲད་པའི་མ་དངུལ་སྒོར་ཁྲི807.44ལ་བསླེབས་པ་དང་། རྒན་རྒོན12270ལ་ལས་གཞི་དེ་ལས་ཕན་ཁེ་ཐོབ་པས། རྒན་རྒོན་གྱི་བསམ་ཡུལ་ལས་འདས་པའི་ཉེན་ཁ་ནུས་ལྡན་ངང་སེལ་བ་དང་། ཞིང་ཆེན་ཡོངས་ཀྱི་རྒན་གསོའི་འགན་སྲུང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒན་རྒོན་གྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་ཐད་ནུས་པ་གང་ལེགས་བཏོན་ཡོད་པ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།