ཟླ2པའི་ཚེས4ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་རིག་གནས་ཡུལ་སྐོར་རླུང་བརྙན་འཕྲིན་ཅུའུ་ནས་ཤེས་གསལ་ལྟར་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་སྐབས་སུ་ཟི་ལིང་གྲོང་ཁྱེར་གྱིས“དགའ་དགའ་སྤྲོ་སྤྲོས་ལོ་གསར་རོལ”ཞེས་པའི་བརྗོད་དོན་བྱ་འགུལ་ལ་དམིགས་ཏེ། རིག་གནས་ཡུལ་སྐོར་གྱི་བདེ་འཇགས་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་པ་དང་། སྤུས་ལེགས་རིག་གནས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་བྱེད་ཚད་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ།གྲོང་ཁྱེར་སྡོད་དམངས་ཀྱི་སྣ་མང་ཅན་དང་རིམ་པ་མང་བའི་རིག་གནས་ཡུལ་སྐོར་ཐད་ཀྱི་འཛད་སྤྱོད་དགོས་མཁོ་སྐོང་གང་ཐུབ་ཀྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི106.68སྣེ་ལེན་བྱས་པ་དེ2024ལོའི་དུས་མཚུངས་ལས15.18%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་5.66ཟིན་པ་དེ་དུས་མཚུངས་ལས14.76%འཕར་བ་རེད། གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་བསྡོམས་རྩིས་ནང་བཅུག་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ25ཡིས་གུང་གསེང་སྐབས་སུ་རིམ་རྩིས་ཀྱིས་མི་ཐེངས་ཁྲི76.25སྣེ་ལེན་བྱས་པ་དེ་དུས་མཚུངས་ལས15.18%འཕར་བ་དང་། གྲོང་ཁྱེར་ཡོངས་ཀྱི་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞིས་ཡུལ་སྐོར་པ་མི་ཐེངས་ཁྲི26.23སྣེ་ལེན་བྱས་པ་དེ་དུས་མཚུངས་ལས18.56%འཕར་ཡོད།
དཔྱིད་གསར་དུས་ཆེན་གྱི་གུང་གསེང་སྐབས་སུ་ཟི་ལིང་གྲོང་ཁྱེར་གྱིས་ཞིང་ཆེན་དང་གྲོང་ཁྱེར། རྫོང(ཁུལ)རིག་གནས་ཡུལ་སྐོར་ཐོན་ཁུངས་བཅས་བསྡུ་སྒྲིལ་བྱས་ནས་རྣམ་གྲངས18ཀྱི་བསྡོམས་པས་རིག་གནས་བྱ་འགུལ་ཐེངས136བཏོན་པ་དང་། 2025ལོའི་དཔྱིད་གསར་དུས་ཆེན་གྱི་ལྒང་ཞུ་འགྲེམ་སྟོན་དང་། དཔྱིད་གསར་དུས་ཆེན་སྐབས་ཀྱི་གློག་བརྙན་བལྟ་བའི་བྱེད་སྒོ། ཞིན་ཧྭ་ལེན་བྱིས་པའི་རྨི་ལམ་སྤྲོ་སྐྱིད་གླིང་གི་རྒྱ་འཆམ།སྐབས་བདུན་པའི་དམངས་སྲོལ་རིག་གནས་ཡུལ་སྐོར་གྱི་ཕྲེང་བསྟར་བྱ་འགུལ་སོགས་རིག་གནས་བྱ་འགུལ་སྣ་ཚོགས་སྒྲིག་འཛུགས་བྱས་ནས་སྤེལ་བ་ནི། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་དང་གངས་འཁྱགས་མྱོང་རོལ། དམངས་སྲོལ་རྒྱ་འཆམ། ལྒང་ཞུ་འགྲེམས་སྟོན་སོགས་ཕྱོགས་སོ་སོར་ཁྱབ་སྟེ། གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁུལ20དང་མཛེས་ལྗོངས་ཁུལ་མང་པོར་ཁྱབ་ཡོད་པ་རེད། “ཕ་ཡུལ་གྱི་ལོ་གསར་ཐད་གཏོང”ཞེས་པའི་བྱ་འགུལ་བརྒྱུད་དེ་བརྙན་ཐུང་གི་ལམ་ནས་གཟུགས་འདས་ཤུལ་བཞག་རིག་གནས་དང་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་དཔྱིད་གསར་དུས་ཆེན་རོལ་ཚུལ་རབ་དང་རིམ་པ་སྤེལ་ཞིང་། ཀྲུང་གོའི་བྲོ་ཉམས་ལྡན་པའི་རིག་རྩལ་བརྩམས་ཆོས་དང་རིག་གནས་ཡུལ་སྐོར་གྱི་དངོས་པོ་བཟང་པོ་ངོ་སྤྲོད་བྱས་ཏེ་མང་ཚོགས་ཀྱི་འཚོ་བ་དང་གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་མངོན་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་དྲིལ་བསྒྲགས་འགྲེམས་སྟོན་བྱེད་པའི་བྱ་འགུལ་ཐེངས20སྤེལ་བ་དང་། ཕ་ཡུལ་གྱི་ལོ་གསར་ཞེས་པའི་བྱ་འགུལ་ཐད་གཏོང་གི་བརྙན་ཐུང97སྤེལ་བ་དང་། བལྟས་གྲངས་མི་ཐེངས་ཁྲི119ཟིན་ལ། མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་ཕྱིར་འཚོང་ཚད་བསྡོམས་པས་སྒོར་ཁྲི2ཟིན། གཞན་ཡང་ཁང་ལེ་རི་གྲོང་གངས་ཤུད་ར་བ་དང་། ཙུང་ཅ་ཀོའུ་མཛེས་ལྗོངས་ཁུལ། མཁར་བྱང་གངས་འཁྱགས་འཇིག་རྟེན་གླིང་། མི་དམངས་སྤྱི་གླིང་། ཀན་ཧོ་གྲོང་འདབས་ཀྱི་གངས་འཁྱགས་འཇིག་རྟེན་གླིང་སོགས་གཙོ་གནད་མཛེས་ལྗོངས་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གངས་འཁྱགས་རོལ་རྩེད་ཐོན་རྫས་སྣ་ཚོགས་གསར་སྤེལ་ཧུར་ཐག་བྱས་ཏེ། དཔྱིད་གསར་དུས་ཆེན་གྱི་ཡུལ་སྐོར་འཛད་སྤྱོད་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད།
ཡུལ་སྐོར་ཁོར་ཡུག་བདེ་འཇགས་དང་གོ་རིམ་ལྡན་པ་ཞིག་ཡོང་བའི་ཆེད་དུ། ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱིAརིམ་པའི་མཛེས་ལྗོངས་ཁུལ་དང་སྐར་རིམ་ཟ་ཁང་། སྤྱི་པའི་རིག་གནས་ར་བ། རོལ་རྩེད་བྱ་ཡུལ་སོགས་གཙོ་གནད་ར་བར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། ཡུལ་སྐོར་བློ་འདྲི་དང་བདེ་འཇགས་ལས་རེས་བཀོད་གཏོང་ཡག་པོ་བྱས་ཡོད། རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཁྲིམས་འཛིན་ཞིབ་བཤེར་མི་སྣ་བསྡོམས་པས་མི་ཐེངས341མངགས་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་ཐེངས41དང་། རིག་གནས་གཉེར་སྐྱོང་བྱ་ཡུལ་ཐེངས127ལ་ཞིབ་བཤེར་བྱས་ཏེ། གནད་དོན30ཤེས་རྟོགས་དང་ལེགས་བཅོས་བྱས། སྤྱི་གླིང་ཆེ་གྲས་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་སོ་སོའི་སྒྲིག་ལམ་ཡག་པོ་ཡོད་པ་དང་ཡུལ་སྐོར་བདེ་འཇགས་དོན་རྐྱེན་དང་ཡུལ་སྐོར་པས་ཞུ་གཏུག་བྱས་པའི་དོན་རྐྱེན་བྱུང་མེད། །