མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དུ་བུ་བཙའི་གུང་གསེང་དང་བྱིས་གཉོར་གུང་གསེང་གི་ཉིན་གྲངས་ཇེ་མང་དུ་བཏང་ནས་མང་ཚོགས་ཀྱི་བུ་བཙའ་དང་གཉོར་སྐྱོང་གི་དཀའ་གནད་ཞི་ལྷོད་དུ་གཏོང་བའི་གནས་ཚུལ་ལ་རྒྱུས་ལོན་བྱུང་པ་ལྟར་ན། མཚོ་སྔོན་གྱིས་བུ་བཙའི་སྲིད་ཇུས་ལེགས་སྒྱུར་བྱ་བ་ལག་བསྟར་དོན་འཁྱོལ་དང་། བུ་བཙའི་ཞབས་ཞུའི་ལས་དོན་ཧུར་ཐག་སྤེལ་ནས་བུ་བཙའ་བར་རྒྱབ་སྐྱོར་བྱ་བའི་སྲིད་ཇུས་མ་ལག་འཐུས་ཚང་། བུ་བཙའི་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་བཅས་གཏང་འཆར་ཡོད་པ་རེད།
མཚོ་སྔོན་གྱིས་བུ་བཙའི་སྲིད་ཇུས་ཇེ་ལེགས་སུ་གཏོང་བ་དང་མི་འབོར་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་བར་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ཏེ། དམིགས་ཚད་འགན་འཁྲིའི་ལམ་ལུགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལོ་འཁོར་གྱི་དམིགས་ཚད་ལས་འགན་ཞིབ་ཕྲ་དང་ཚད་འབེབས་བྱས་ཏེ་ལས་ཀའི་འགན་འཁྲི་ནན་མོ་འཛིན་རྒྱུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལོ་ལྔ་བསྟུད་མར་གསོ་གཉོར་གྱི་ཞབས་ཞུ་དེ་དམངས་ཚིས་དངོས་དོན་ལས་གཞིའི་ནང་འཇུག་རྒྱུ་རེད། ད་སྔའི་བར་ཞིང་ཆེན་ཡོངས་སུ་སྔ་གཞུག་ཏུ་ཐོ་འགོད་བྱས་པའི་གསོ་གཉོར་ལས་ཁུངས342ཡོད་པ་དང་། གསོ་གཉོར་བྱ་ཡུལ22429ཡོད། མི་འབོར་སྟོང་རེར་ལོ3མན་གྱི་ཕྲུ་གུ་དམར་འབྱར་གྱི་གསོ་སྐྱོང་བྱ་ཡུལ4.14ཡོད་པས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱུང་བ་ཚད་ལས་བརྒལ་ཡོད། གཞུང་གཉེར་གསོ་སྐྱོང་ཞབས་ཞུའི་ནུས་པ་འཛུགས་སྐྱོང་རྣམ་གྲངས31ལག་བསྟར་བྱས་ནས་མ་དངུལ་སྒོར་དུང་ཕྱུར3.46ཡོད་པ་དང་། ད་སྔར་མ་དངུལ་ས་གནས་ཁག་ལ་སྤྲད་ཟིན་ལ། སྔོན་དཔག་བྱས་ན2025ལོའི་ལོ་མཇུག་ཏུ་ཁྱོན་ཡོངས་ནས་ལེགས་པར་འགྲུབ་སྲིད།
མི་འབོར་ཡོངས་ཀྱི་གཞི་གྲངས་མཛོད་འཐུས་ཚང་ལ་ཧུར་ཐག་བྱས་ཏེ། མི་འབོར་གྱི་ཆ་འཕྲིན་མ་ལག་རིམ་སྤོར་བཅོས་སྒྱུར་བྱ་བ་དང་ ། མཚོ་སྔོན་གྱི་མི་འབོར་ཆ་འཕྲིན་མ་ལག་གསར་པའི་དྲ་བ་་དངོས་སུ་འཁོར་སྐྱོད་བྱ་རྒྱུ་དང་། ། ཞིང་ཆེན་ཡོངས་ཀྱི་མི་འབོར་གཞི་གྲངས་ཀྱི་སྤུས་ཚད་མཐོར་འདེགས་ཏན་ཏིག་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་མི་འབོར་ལྟ་ཞིབ་ཚད་ལེན་མ་ལག་གསོ་སྦྱོང་དེ་སྐོར་སྐྱོད་ཀྱི་ཚུལ་དུ་བྱ་རྒྱུ་རེད།
དེ་དང་ཆབས་ཅིག་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་སོགས་སྡེ་ཚན་མང་པོས་མཉམ་དུ་དུས་ཚོད་དང་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གསོ་སྐྱོང་ལས་ཁུངས་ལ་ཁྱོན་ཡོངས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱས་ནས་ཕྲུ་གུ་དམར་འབྱར་གྱི་བདེ་འཇགས་འགན་སྲུང་དང་གསོ་སྐྱོང་ཞབས་ཞུ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་བར་སྐུལ་འདེད་གཏང་འཆར་ཡོད།