མཚོ་ནུབ་ཁུལ་དགུན་དུས་རྔ་མོང་རིག་གནས་ཡུལ་སྐོར་དང་གཟུགས་འདས་རིག་གནས་ཤུལ་བཞག་འགྲེམ་སྟོན་བྱེད་སྒོ་སྤེལ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  གཟུགས་འདས་རིག་གནས་ཤུལ་བཞག་འཛིན་སྐྱོང་སྤེལ་གསུམ་ལ་མྱོང་རོལ་བྱ་ཆེད་དང་། དགུན་གྲང་བཙག་རླུང་ཁྲོད་ཀྱི་སེམས་ཀྱི་མེ་ཕུང་སྦར་ཆེད།   ཉེ་ལམ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་དགུན་དུས་རྔ་མོང་རིག་གནས་ཡུལ་སྐོར་དང་གཟུགས་འདས་རིག་གནས་ཤུལ་བཞག་འགྲེམ་སྟོན་སྐབས་བདུན་པ་དེ་ན་གོར་མོ་གྲོང་ཁྱེར་གའོ་ལི་མུ་ཏི་གྲོང་རྡལ་ཐའོ་ལ་ཧའེ་གྲོང་ཚོའི་རྩྭ་ཐང་དུ་སྤེལ་ཞིང་།   ཡུལ་དེའི་འབྲོག་པ་མང་ཚོགས་དང་ལྟ་སྐོར་ལ་ཕེབས་པའི་མགྲོན་པོ་རྣམས་བྱེད་སྒོར་ཞུགས།  རྔ་མ་འགྲན་རྒྱུག་དང་།  གཟུགས་འདས་རིག་གནས་ཤུལ་བཞག་འགྲེམ་སྟོན་སོགས་ཡུལ་དངོས་འཁྲུག་ཆ་དོད་པས།  དགུན་དུས་ཀྱི་མཚོ་ནུབ་ལ་གསོན་ཤུགས་བསྣན།

བྱེད་སྒོའི་སྟེང་།  ཐའོ་ལ་ཧའེ་གྲོང་ཚོའི་རྩྭ་ཐང་དུ་མི་ཚོགས་ཚིང་ཁ་ཤིག་ཤིག་བྱེད།  ལུས་གཟབ་འཆོར་སྤྲས་པའི་མི་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་འདིར་འདུས་ཏེ།    གཞི་མགྲོན་པོ་གཉིས་གདན་གཅིག་ཏུ་འཛོམས་ནས་མི་རིགས་ལུགས་སྲོལ་གྱི་ཁྱད་ཆོས་མངོན་པར་དོད་པའི་རིག་གནས་གསོལ་སྟོན་གྱ་ནོམ་པར་མཉམ་དུ་ལོངས་སུ་སྤྱད།  མཛད་སྒོའི་སྟེང་དུ།  ཏེ་ཏུའུ་སོག་རིགས་ཀྱི་སྲོལ་རྒྱུན་ལྟར་དུ་རྔ་མོ་ལ་བསྟོད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་རྔ་མོང་འཚོ་སྐྱོང་བ་ཞིག་གི་ཐོན་སྐྱེད་འཚོ་བའི་རྣམ་པ་གསོན་ཉམས་དང་བཅས་ངོམ།    གཟབ་འཆོར་གྱིས་བརྒྱན་པའི་རྔ་མོང་བརྗིད་ཉམས་དང་བཅས་མདུན་དུ་ལྷགས་འོང་དུས་བྱེ་ཀློང་ཆེན་པོའི་དེད་དཔོན་གྱི་ཉམས་འགྱུར་དེ་ངང་ངམ་ཤུགས་ཀྱིས་ཚོར་འོང་བ་དང་།  ཁྱད་ཆོས་ལྡན་པའི་སོག་བྲོ་ཡིས་ཡུལ་དངོས་ལྟད་མོ་ཕུན་སུམ་ཚོགས་པར་བཏང་།

ཐེངས་འདིའི་རྔ་མོང་འགྲན་རྒྱུག་ལ་ལེ་དབར་བཞི་བཅན་གྱི་མྱུར་འགྲན་དང་། ལེ་དབར་བརྒྱད་ཅན་གྱི་མྱུར་འགྲན། ལེ་དབར་བཅུ་ཅན་གྱི་རིང་འགྲན་སོགས་རྣམ་གྲངས་གསུམ་བཀོད་སྒྲིག་བརྒྱབ་ཡོད་ཅིང་།  འགྲན་སྡུར་གྱི་སྟེང་དུ་འགྲན་ཞུགས་པས་སོ་སོའི་ནུས་པ་རྩལ་དུ་སྤྲུགས་ནས་ཁྱོད་ཕམ་ང་རྒྱ་གྱིས་མདུན་དུ་རྒྱུག་ལ།  ལྟད་མོ་བ་རྣམས་ཀྱིས་འགྲན་སྡུར་གྱི་ཁྲོད་ངར་སེམས་དང་སྤྲོ་བ་ཉམས་སུ་མྱངས།

གཙོ་སྒྲུབ་ཕྱོགས་ཀྱི་འཐུས་མི་ཆིན་པའེ་ལེ་ཀེ་འདི་སྐད།  ཐེངས་འདིའི་བྱེད་སྒོས་དགུན་དུས་ཡུལ་སྐོར་གྱི་ཐོན་རྫས་འདོན་སྤྲོད་སྣ་མང་དུ་བཏང་བ་མ་ཟད།   མཚོ་ནུབ་ཁུལ་གཟུགས་འདས་རིག་གནས་ཤུལ་བཞག་འཛིན་སྐྱོང་སྤེལ་གསུམ་ལ་སྡིངས་ཆ་ཆེན་པོ་ཞིག་བསྐྲུན་སོང་བས།   མཚོ་ནུབ་ཁུལ་གྱི་སྙན་གྲགས་ཇེ་ཆེར་ཕྱིན་ཏེ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་སྔར་ལས་འཛིན་སྐྱོང་དང་།  ཏེ་ཏུའུ་སོག་པོའི་རིག་གནས་དང་། ཚྭ་འདམ་རྔ་མོང་གི་རིག་གནས་ཐོན་ལས་གོང་སྤེལ་གྱི་མདུན་ལྗོངས་ལ་སོགས་ཅི་དགར་ངོམ་ཐུབ་ཡོད་ཟེར།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།