ཞིང་ཆེན་བརྒལ་ཡང་སྨན་བཅོས་འགན་བཅོལ་ཁྱིམ་མིས་སྤྱད་ཆོག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

  སྤྱི་ཟླ་12པའི་ཚེས་2ཉིན་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་བརྒལ་ནས་སྤྱོད་པའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་དང་། ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་ལས་བརྒལ་ནས་རང་གི་གཉེན་ཉེར་གྲོང་མིའི་སྨན་བཅོས་འགན་བཅོལ་དང་སྨན་རིན་རྩིས་ཞུ་བྱེད་ཆོག་གི་ཡོད་པ་རེད། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས། ལོ་གཅིག་ནས་གཉིས་བར་གྱི་དུས་ཚོད་སྤྱད་དེ་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་བརྒལ་ནས་ཐུན་མོང་ཐོག་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

  ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བཞིན་ཡོད་པ་དང་། མི་སྒེར་གྱི་རྩིས་ཐོ་སྤྱོད་པའི་ཁྱབ་ཁོངས་གསུམ་དུ་རྒྱ་སྐྱེད་མགྱོགས་སུ་གཏོང་བཞིན་ཡོད་པ་སྟེ། གྲོང་ཁྱེར་གྱི་ནང་ཁུལ་ནས་ཞིང་ཆེན་ནང་ཁུལ་ལ་རྒྱ་བསྐྱེད་པ། ཐད་ཀའི་གཉེན་ཉེ་ནས་གཉེན་ཚན་ཉེ་གྲས་སུ་རྒྱ་སྐྱེད་པ། ཞིང་ཆེན་ནང་ཁུལ་ནས་རྒྱལ་ཡོངས་སུ་ཞིང་ཆེན་ལས་བརྒལ་བའི་བར་རྒྱ་སྐྱེད་པ་བཅས་རེད།

  མིག་སྔར་ཞིང་ཆེན་9ཡི་གཅིག་གྱུར་བཀོད་སྒྲིག་ཁུལ་31གིས་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་ལས་བརྒལ་ནས་སྤྱོད་ཐུབ་ཀྱི་ཡོད་ཅིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་ཚང་མར་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་ནང་ཁུལ་དུ་སྤྱོད་ཐུབ་པ་དང་། ཞིང་ཆེན་23ལ་གཉེན་ཚན་ཉེ་གྲས་བར་སྤྱོད་ཐུབ་པ་མངོན་འགྱུར་བྱུང་ཡོད།

  རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གྲངས་གཞི་ཆེན་མོའི་ལྟེ་གནས་ཀྱི་ཀྲུའུ་རེན་ཕུའུ་ཁྲའོ་ཆི་ཡིས། བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྤྱི་ལོ་2023ལོར་རང་རྒྱལ་གྱི་ཞིང་ཆེན་ལས་བརྒལ་ནས་འགྲོ་འོང་བྱེད་མཁན་མི་གྲངས་དུང་ཕྱུར་1.5ཙམ་ཟིན་གྱི་ཡོད། བསྒྱུར་བཅོས་དེས་མི་ཚོགས་དེ་དག་ལས་ཞུགས་དང་ལས་སྒྲུབ་སྔར་བས་ཡག་པོ་ཡོང་རྒྱུར་རོགས་རམ་ཐུབ་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་རྒྱུར་སྐུལ་འདེད་གཏོང་ཐུབ་ཅེས་གསུངས་པ་རེད།

  རང་རྒྱལ་གྱི་ལས་བཟོ་པའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལ་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཡོད་པས། འཇལ་སྤྲོད་བྱས་པའི་འགན་བཅོལ་གྲོན་དངུལ་དེ་བསྡུར་ཚད་ངེས་ཅན་ཞིག་ནས་མི་སྒེར་གྱི་རྩིས་ཐོའི་ཁོངས་སུ་འཇུག་གི་ཡོད། དེ་སྔ་ལས་བཟོ་པ་རང་ཉིད་ཁོ་ནས་མ་གཏོགས་བེད་གཏོང་ཆོག་གི་མེད་ཅིང་། དེ་གཙོ་བོ་སྨན་བཅོས་དང་སྨན་ཉོ་སྐབས་མི་སྒེར་གྱིས་སྤྲོད་འགན་འཁུར་བའི་གྲོན་དངུལ་སོགས་ཀྱི་ཐད་སྤྱོད་ཆོག

     སྤྱི་ལོ་2021ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཡིག་ཆ་པར་འགྲེམས་བྱས་ནས་ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་བེད་སྤྱོད་ཁྱབ་ཁོངས་དེ་ལས་བཟོ་པ་རང་ཉིད་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་བཟའ་ཟླ་དང་། ཕ་མ། བུ་ཕྲུག་བཅས་ཀྱི་བར་རྒྱ་ཆེར་བཏང་ཡོད།

   ད་ལོའི་སྤྱི་ཟླ་7པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་སླར་ཡང་ཡིག་ཆ་པར་འགྲེམས་བྱས་ནས་ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་ནང་གཉེན་ཉེར་སྤྱོད་ཆོག་པའི་ཁྱབ་ཁོངས་དེ་བཟའ་ཟླ་དང་། ཕ་མ། བུ་ཕྲུག་བཅས་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གཉེན་ཚན་ཉེ་གྲས་བར་མང་དུ་བཏང་ཡོད། ཁྱིམ་མིའི་སྨན་བཅོས་འགྲོ་གྲོན་སྤྲོད་པ་ཕུད། ཁྱིམ་ཚང་གི་ཐུན་མོང་རྩིས་ཐོ་ད་དུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་འགན་བཅོལ་ནང་ཞུགས་པའི་འགྲོ་གྲོན་འཇལ་སྤྲོད་བྱེད་ཆོག་གི་ཡོད།

   སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་ལས་བརྒལ་ནས་སྤྱོད་ཆོག་པའི་བཀོལ་སྤྱོད་ཇི་ལྟར་བྱེད་དགོས་སམ་ཞེ་ན། དེའི་གོང་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ཅང་སུའུ་དང་ཧོ་པེ་སོགས་ཞིང་ཆེན་9ལ“སྨན་བཅོས་འགན་བཅོལ་དངུལ་ཁུག”ཅེས་པའི་ཚོད་ལྟའི་ལས་དོན་སྤེལ་ཡོད་པ་རེད།

   སྤྱི་ཟླ་12ཚེས་1ཉིན་བར། མི་ཁྲི་2.7ཙམ་གྱིས“སྨན་བཅོས་འགན་བཅོལ་དངུལ་ཁུག”བེད་སྤྱོད་གཏོང་བཞིན་ཡོད་པ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།