གཅིན་པ་མངར་འགྱུར་གྱི་ནད་སྔོན་འགོག་བྱེད་ཐབས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

ཉེ་བའི་ལོ་ཤས་རིང་། རང་རྒྱལ་ལ་གཅིན་པ་མངར་འགྱུར་གྱི་ནད་ཕོག་མཁན་ཟམ་མི་ཆད་པར་མང་དུ་ཕྱིན་པར་མ་ཟད། ལོ་གཞོན་ཅན་དུ་འགྱུར་བའི་འཕེལ་ཚུལ་ཡང་མངོན་ཡོད། དལ་བའི་རང་བཞིན་གྱི་ནད་ཅིག་ཡིན་པའི་ཆ་ནས། གཅིན་པ་མངར་འགྱུར་གྱི་ནད་ཕོག་རྗེས་ཁྲག་མངར་གྲངས་ཚད་རྒྱུན་ལྡན་མིན་པ་དང་མཐོ་རུ་ཕྱིན་པ་ཙམ་གྱིས་མ་ཚད། དེས་ད་དུང་ལུས་ཡོངས་ཀྱི་དབང་པོ་ཚང་མའི་བྱེད་ནུས་ལ་གནོད་སྐྱོན་བཟོས་ཏེ། མཉམ་བྱུང་ནད་རིགས་ཚབས་ཆེན་སྣ་ཚོགས་སློང་སྲིད། དཔེར་ན། སྙིང་དང་ཀླད་པའི་ཁྲག་རྩའི་གཉན་ནད་དང་གཅིན་པ་མངར་འགྱུར་ནད་ཀྱི་རྐང་ནད། མཐོང་བྱེད་དྲ་སྐྱིའི་ནད་འགྱུར་དང་མཁལ་མའི་ནད་འགྱུར་སོགས་ལྟ་བུ་ཡིན།

གཅིན་པ་མངར་འགྱུར་གྱི་ནད་ཕོག་ཚེ། ངེས་པར་དུས་ཅད་ལྟར་ཁྲག་གི་མངར་ཆར་ལྟ་ཞིབ་དང་བདེ་ཐང་གི་འཚོ་བ་རོལ་སྟངས་རྒྱུན་འཁྱོངས། སྨན་པའི་བཀའ་སློབ་ལྟར་གཟུགས་པོར་དོ་དམ་བཅས་བྱ་དགོས། འདི་དག་ནི་ཉམས་འབྱུང་ནད་སྔོན་འགོག་བྱེད་པར་ཧ་ཅང་གལ་ཆེ་བ་ཞིག་ཡིན། 

གཅིན་པ་མངར་འགྱུར་གྱི་ནད་ནི་སྤྱིར་བཏང་དུ་རིགས་རྒྱུད་དང་བཟའ་བཏུང་སོགས་ཀྱི་རྐྱེན་ལས་བྱུང་བ་ཡིན་ལ། པེ་ཅིང་སྨན་ཁང་གི་གཙོ་བཅོས་སྨན་པ་ཀུའོ་ལི་ཤིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རིགས་རྒྱུད་ཀྱི་རྒྱུ་རྐྱེན་ང་ཚོས་འགྱུར་ལྡོག་གཏོང་དཀའ་མོད། ཁོར་ཡུག་གི་རྒྱུ་རྐྱེན་ལ་འགྱུར་ལྡོག་བཏང་བ་བརྒྱུད་གཅིན་པ་མངར་འགྱུར་གྱི་ནད་ཐོན་རྒྱུ་དང་ཇེ་སྡུག་ཏུ་འགྲོ་རྒྱུ་ཚོད་འཛིན་བྱེད་ཐུབ། འཚོ་བ་རོལ་སྟངས་ཁྲོད་དུ་ཤ་རྒྱགས་པ་མི་ཆགས་པ་བྱ་དགོས་པ་དེ་གཙོ་བོ་ཡིན། ཤ་རྒྱགས་པ་ཆགས་པའམ་ཚོན་པོར་གྱུར་པ་ནི་གཅིན་པ་མངར་འགྱུར་གྱི་ནད་སློང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། ཞིབ་འཇུག་མང་པོ་ལས་མངོན་པར་གཞིགས་ན། གཅིན་པ་མངར་འགྱུར་གྱི་ནད་ཕོག་མཁན་དང་ཤ་རྒྱགས་པ་ཆགས་པའི་དབར་འབྲེལ་བ་དམ་ཟབ་ཡོད་པ་སྟེ། ཤ་རྒྱགས་པ་ཆགས་པ་དང་ལྷག་པར་གསུས་ཁོག་ཆེན་པོ་ཆགས་ཚེ་གཅིན་པ་མངར་འགྱུར་གྱི་ནད་ཕོག་པའི་ཉེན་ཁ་ལྡབ6ནས20བར་ཆེ་རུ་འགྲོ་ངེས་རེད། ཤ་རྒྱགས་པ་ཆགས་པ་དང་བསྟུན་ནས་གཅིན་པ་མངར་འགྱུར་ནད་ཀྱི་ཉེན་ཁ་དེ་བས་ཆེ་རུ་འགྲོ་བཞིན་ཡོད།

གཞན་ཞིག་ནི་འགུལ་སྐྱོད་བྱ་རྒྱུ་དེ་ཡིན། ཆོས་ཉིད་ལྡན་ཞིང་ལུགས་མཐུན་སྒོས་འགུལ་སྐྱོད་བྱེད་པ་ནི་གཅིན་པ་མངར་འགྱུར་གྱི་ནད་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ལེགས་པོ་ཞིག་ཡིན། ཡུན་རིང་སྡོད་དྲགས་པའི་འཚོ་བའི་གོམས་གཤིས་སྤོང་བ་དང་། དུས་མཚུངས་དུས་བཀག་ལྟར་ཁྲག་མངར་བརྟག་དཔྱད་བྱས་ཚེ། གཅིན་པ་མངར་འགྱུར་ནད་ཀྱི་ཉེན་ཁ་ཆུང་དུ་གཏོང་ཐུབ། གལ་ཏེ་ལུས་པོའི་ནང་གི་འབྲེལ་ཡོད་ཀྱི་མངར་ཆ་བརྗེ་ཚབ་རྒྱུན་ལྡན་མིན་པའམ་ཡང་ན་གཅིན་པ་མངར་འགྱུར་ནད་ཕོག་པའི་དུས་མགོ་ཡིན་ཚེ། ང་ཚོས་དུས་ཐོག་ཚོད་འཛིན་བྱས་ཆོག དེའི་ཕྱིར་རིགས་རྒྱུད་ཀྱི་རྒྱུ་རྐྱེན་ངེས་ཅན་ཞིག་ཡོད་ཀྱང་། གལ་ཏེ་ང་ཚོས་ཡང་དག་དང་ལུགས་མཐུན་གྱི་འཚོ་བ་རོལ་སྟངས་རྒྱུན་འཁྱོངས་བྱས་ན། གཅིན་པ་མངར་འགྱུར་གྱི་ནད་ཕོག་པའི་ཉེན་ཁ་ཚད་ངེས་ཅན་ཞིག་གི་ཐོག་ནས་ཇེ་ཆུང་དུ་གཏོང་ཐུབ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།