མཇིང་ཚིགས་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། རང་རྒྱལ་དུ་མཇིང་ཚིགས་ནད་ཕོག་ཚད་བརྒྱ་ཆ་20ལ་ཉེ་བ་ཟིན་པ་དང་། ལོ་30མན་ལ་མཇིང་ཚིགས་ནད་ཕོག་ཚད་ཇེ་མང་དུ་འགྲོ་བ་མ་ཟད། ལོ་རེ་ལས་ལོ་རེ་བཞིན་མང་དུ་འགྲོ་བ་དང་རིམ་བཞིན་ན་གཞོན་ལ་ཕོག་པའི་སྣང་ཚུལ་ཐོན་བཞིན་ཡོད། ལག་ཐོགས་ཁ་པར་དང་ངོས་ལེབ་རྩིས་འཁོར་བེད་སྤྱོད་ཚད་དང་ཁྱབ་ཚད་ཇེ་ཆེར་འགྲོ་བ་དང་བསྟུན་ནས། མགོ་བོ་སྒུར་ནས་གློག་རྡུལ་འཕྲུལ་ཆས་ལ་ལྟ་མཁན་ཇེ་མང་དུ་འགྲོ་བ་དང་། སློབ་མ་མང་པོ་ཞིག་གིས་དུས་ཡུན་རིང་པོར་དྲ་བ་སྤྱོད་ཀྱི་ཡོད་པས། ལོ་ན་ཆུང་དུས་ནས་མཇིང་ཚིགས་ནད་ཕོག་མཁན་ཡོད། 

མཇིང་ཚིགས་ནད་ནི་ཅི་ཞིག་ཡིན་ནམ།

མཇིང་ཚིགས་ནད་ནི་ཕྱིར་བཀྱེད་རང་བཞིན་གྱི་ནད་འགྱུར་རྨང་གཞིར་བྱས་པའི་ནད་ཅིག་ཡིན། གཙོ་བོ་མཇིང་ཚིགས་ལ་དུས་ཡུན་རིང་པོར་ངལ་གསོ་མ་བྱུང་བ་དང་། རུས་རྫས་འཕར་སྐྱེ་བྱུང་བ། ཡང་ན་མཁར་མཚམས་བུད་པ། ཆུ་བ་མཐུག་ཏུ་ཕྱིན་པ་བཅས་ཀྱིས་མཇིང་ཚིགས་རྒྱུངས་པ་དང་དབང་རྩར་གནོན་ཤུགས་ཐེབས་ནས། བྱེད་ནུས་ལ་འགོག་རྐྱེན་འཕྲད་པར་ཟེར་གྱི་ཡོད། ནམ་རྒྱུན་མགོ་ཡུ་འཁོར་བ་དང་མགོ་ན་བ། ལག་པ་གཉིས་སྦྲིད་པ་སོགས་ཀྱི་ནད་རྟགས་ཐོན་སྲིད། 

གཅིག ཉལ་སྟངས་ཡག་པོ་རྒྱུན་འཁྱོངས་བྱེད་དགོས། 

ཉལ་གདན་མཁྲེགས་པོ་ཞིག་བདམས་ན། གཉིད་ཉལ་སྐབས་སྒལ་ཚིགས་འཁྱོག་རྒྱུར་སྔོན་འགོག་ཐུབ་པ་དང་། ཉལ་སྐབས་སྔས་མགོ་མཐོ་དྲགས་རྒྱུ་མེད་ལ་དམའ་དྲགས་པའམ། ཡང་ན་སྲ་ཡང་དྲགས་མི་རུང་། 

གཉིས།  སྡོད་སྟངས་ཡག་པོ་རྒྱུན་འཁྱོངས་བྱེད་དགོས། 

སྡོད་སྐབས་ཀེར་རེར་སྡོད་དགོས་པ་དང་། རྒྱུན་རིང་པོར་མགོ་བོ་སྒུར་ནས་ལག་ཐོགས་ཁ་པར་དང་གློག་ཀླད་སྤྱོད་པ་དང་། བྲང་བསྙེས་ནས་ལས་ཀ་བྱེད་རྒྱུ་མེད། 

གསུམ།  ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་དགོས། 

ལས་ཀའམ་སློབ་སྦྱོང་ཆུ་ཚོད་གཅིག་བྱས་རྗེས་ཡར་ལངས་ནས་ངལ་གསོ་རྒྱག་དགོས་པ་དང་། མཇིང་པ་གཡས་གཡོན་གཉིས་དང་རྒྱབ་མདུན་གཉིས་ལ་ཐེངས་འགའ་ཤས་འགུལ་སྐྱོད་བྱེད་དགོས་པ་དང་། དེའི་ཤུགས་ཚད་ཆེ་དྲགས་རྒྱུ་མེད། 

བཞི། ཕྲག་པ་དང་མཇིང་པའི་ཤ་གནད་ལ་སྦྱོང་བརྡར་བྱེད་དགོས། 

དུས་བཀག་ལྟར་མཇིང་པར་སྦྱོང་བརྡར་བྱེད་པ་སྟེ། དཔེར་ན་མཇིང་པའི་སྦྱོང་བརྡར་དང་ཡོ་ག་སོགས་རྩེད་ནས་མཇིང་པའི་ཤེད་ཤུགས་ཆེ་རུ་དང་མཉེན་ཆ་དོད་དུ་གཏོང་དགོས། ད་དུང་ཤོག་བྱ་གཏོང་བ་དང་བྱ་སྒྲོའི་སྤོ་ལོ་རྒྱག་པ་སོགས་བྱས་ན་ཡང་ཕན་ཐོགས་ཡོད། 

ལྔ། མཇིང་པར་རྨས་སྐྱོན་མི་ཕོག་པར་བྱེད་དགོས། 

དོད་དྲགས་རང་བཞིན་གྱི་རྨས་སྐྱོན་མི་ཕོག་པ་བྱེད་དགོས། དཔེར་ན་དངོས་པོ་ལྗིད་པོ་འདེགས་པ་སོགས་བྱེད་མི་རུང་། གལ་སྲིད་མཉེན་པའི་ཕུང་གྲུབ་ལ་གནོད་སྐྱོན་ཕོག་ན་སྔ་ཙམ་ནས་སྨན་བཅོས་བྱེད་དགོས་པ་དང་། ནད་གཞི་ཚབས་ཆེར་མི་འགྲོ་བ་བྱེད་དགོས། 

དྲུག གྲང་འགོག་དྲོད་སྲུང་ལ་དོ་སྣང་བྱེད་དགོས། 

 མཇིང་པར་དྲོ་བཅོས་བྱས་ཏེ། དྲོད་ཚད་སྙོམས་པོ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྐྲ་བཀྲུས་རྗེས་སྐམ་པོ་མ་ཆགས་བར་གཉིད་ཉལ་མི་རུང་། གལ་ཏེ་མཇིང་ཚིགས་ནད་དང་འདྲ་བའི་ནད་རྟགས་ཐོན་ཚེ། རང་ཉིད་ཀྱིས་སྦྱོང་བརྡར་བྱས་ཀྱང་ན་ཟུག་མི་འཇགས་པ་དང་མི་བདེ་བའི་ཚོར་སྣང་མུ་མཐུད་བྱུང་ཚེ། དུས་ཐོག་ལ་སྨན་པ་བསྟེན་དགོས། 

 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།