མཉམ་སྡེབ་ཁེ་ལས་བརྡིབས་རྗེས་རྒྱུ་ནོར་ཇི་ལྟར་བགོ་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་དང་དོན་ཡོན་གཉིས་ནི་སློབ་ཆེན་སྐབས་ཀྱི་ཉལ་ཁང་གཅིག་གི་གྲོགས་པོ་བཟང་པོ་ཡིན་ཞིང་། དོན་ཡོན་ཅུང་མིང་གྲགས་ཡོད་པའི་དྲ་གྲགས་ཤིག་ཡིན་ཞིང་། ཁོ་ལ་སྤྱི་སྟེགས་ག་གེ་མོ་ཞིག་གི་སྟེང་དུ་ཞེན་མི་ཁྲི10ལྷག་ཡོད་པས།ངེད་གཉིས་སློབ་ཆེན་མཐར་ཕྱིན་སྐབས། ཕན་ཚུན་བར་གྲོས་བྱས་ཏེ་ཐུན་མོང་གི་མཉམ་སྡེབ་ཁེ་ལས་ཤིག་བཙུགས་ཏེ་ང་ཁོའི་བར་སྨྱན་པ་བྱ་རྒྱུ་དང་།གཞན་ད་དུང་དྲ་གྲགས་བྱ་གཞག་ལ་འགན་འཁུར་རྒྱུ་དེ་ཡིན། ཕྱིས་སུ་ངེད་གཉིས་ཀྱིས་མཉམ་སྡེབ་གྲོས་མཐུན་ཡི་གེ་སྟེང་མིང་རྟགས་བཀོད་རྗེས། ངས་སྒོར་ཁྲི10ཡི་མ་དངུལ་བཞག་པ་དང་དོན་ཡོན་གྱིས་སྒོར་ཁྲི5ཡི་མ་དངུལ་བཞག་སྟེ་མཉམ་སྡེབ་ཁེ་ལས་ཀྱི་ཁེ་སྤོགས་འདྲ་མཉམ་ངང་བགོ་རྒྱུ་བྱས། དེ་དང་ཆབས་ཅིག་ཏུ་ངེད་གཉིས་ཀྱིས་ང་ནི་མཉམ་སྡེབ་ཁེ་ལས་ཀྱི་མཉམ་སྡེབ་ལས་དོན་ལག་བསྟར་མཁན་བྱ་རྒྱུའི་ཁ་ཆད་བཞག ད་ལོའི་ཟླ8པར། དྲ་ལམ་ཚོང་ལས་དེ་འདྲའི་བཟང་རྒྱུ་མེད་པས་དོན་ཡོན་གྱི་ཞེན་མིའི་ཁ་གྲངས་ཐད་ཀར་མར་ལྷུང་བར་བརྟེན། ངས་མུ་མཐུད་དུ་ཁེ་ལས་འདི་བསྐྱང་དགོས་པའི་ངེས་པ་མེད་པར་བསམས་ཤིང་དོན་ཡོན་གྱི་བར་སྨྱན་པའི་འགན་ཡང་འཁུར་མ་འདོད། དེའི་སྟབས་ཀྱིས་ངེད་གཉིས་ཀྱིས་མཉམ་སྡེབ་ཁེ་ལས་འཐོར་རྒྱུའི་གྲོས་བྱས་མཐར་དོན་ཡོན་ཡང་འཐད་པ་བྱུང་། སྐབས་དེར་དོན་ཡོན་གྱིས་དུས་ཐོག་ཏུ་མཉམ་སྡེབ་ཁེ་ལས་ཀྱི་རྒྱུ་ནོར་བགོ་དགོས་པའི་རེ་བ་བཏོན་པ་ན། ངས་རྒྱུ་ནོར་ཡོད་ཚད་ཚང་རྩིས་གསལ་པོ་ཞིག་བྱས་རྗེས་བགོ་རྩིས་བྱས། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་དོན་ཡོན་གྱིས་མཉམ་སྡེབ་ཁེ་ལས་ཀྱི་རྒྱུ་ནོར་བགོ་དགོས་པའི་རེ་བ་བཏོན་ཆོག་གམ།

ཞེས་བསམ་ཁོ་ཡིས།

བློ་མཐུན་བསམ་ཁོ་ལགས།

གྱོད་དོན་འདི་ནི་མཉམ་སྡེབ་ཁེ་ལས་འཐོར་སྐབས་མཉམ་སྡེབ་རྒྱུ་ནོར་བགོ་བཤའ་རྒྱག་པའི་གནད་དོན་དང་འབྲེལ་བ་ཡོད། རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན969པའི་གཏན་འཁེལ་ལྟར་ན། “མཉམ་སྡེབ་མཁན་གྱིས་བཏང་བའི་མ་དངུལ་དང་མཉམ་སྡེབ་ལས་དོན་ལས་ཁྲིམས་ལྟར་ཐོབ་པའི་ཡོང་འབབ། དེ་མིན་གཞན་པའི་རྒྱུ་ནོར་བཅས་ནི་མཉམ་སྡེབ་རྒྱུ་ནོར་གྱི་རིགས་སུ་གཏོགས། མཉམ་སྡེབ་གན་རྒྱ་མཇུག་མ་སྒྲིལ་གོང་མཉམ་སྡེབ་མཁན་གྱིས་མཉམ་སྡེབ་རྒྱུ་ནོར་བགོ་བཤའ་རྒྱག་པའི་རེ་འདུན་བཏོན་མི་ཆོག”ཅེས་བཀོད་ཡོད། ཡང་ཅིག་བཤད་ན། མཉམ་སྡེབ་མཁན་གྱིས་མཉམ་སྡེབ་ཁེ་ལས་འཐོར་རྒྱུའི་ཐག་གཅོད་སྐབས། མཉམ་སྡེབ་རྒྱུ་ནོར་གྱིས་སྔོན་ལ་མཉམ་སྡེབ་ཀྱི་བུ་ལོན་གཙང་འཇལ་བྱ་དགོས་པར་མ་ཟད་ཁེ་ལས་མཇུག་བསྒྲིལ་རྗེས་ཀྱི་འགྲོ་སོང་ཡང་སྤྲད་དགོས་ལ། ཕྱིས་སུ་མཉམ་སྡེབ་མཁན་གྱིས་རྒྱུ་ནོར་ལྷག་མ་རྣམས་བགོ་བཤའ་རྒྱག་དགོས། མཉམ་སྡེབ་གན་རྒྱ་མཚམས་མ་བཞག་པའི་སྔོན་ལ། མཉམ་སྡེབ་མཁན་གྱིས་མཉམ་སྡེབ་རྒྱུ་ནོར་བགོ་དགོས་པའི་རེ་བ་བཏོན་མི་ཆོག

གོང་གི་གྱོད་དོན་འདིར་གཞིགས་ན། ཁྱོད་དང་དོན་ཡོན་གཉིས་ཀྱིས་མཉམ་སྡེབ་ཁེ་ལས་འཐོར་རྒྱུའི་ཐག་བཅད་ཡོད་ནའང་། ཁེ་ལས་ཀྱི་རྩིས་ཐོའི་གཙང་སེལ་བྱ་བ་ལེགས་པོར་བསྒྲུབ་དགོས་པར་མ་ཟད།འབྲེལ་ཡོད་ཀྱི་འགྲོ་ལུགས་མཉམ་སྡེབ་གན་རྒྱ་མཚམས་འཇོག་རག་བར་དུ་བསྒྲུབས་ཚར་རྗེས། ད་གཟོད་དོན་ཡོན་གྱིས་མཉམ་སྡེབ་རྒྱུ་ནོར་བགོ་དགོས་པའི་རེ་བ་གདོན་ཆོག

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།