ཕོ་བདེ་ཟས་འཇུ་ལྟ་བུའི་ཞི་བྱེད་ཀྱི་སྨན་ནི་མི་རྣམས་ཀྱིས་རྒྱུན་དུ་སྤྱོད་པའི་སྨན་དུ་གཏོགས་ཤིང་། བཟའ་བཏུང་ལ་རྒྱགས་ཚོད་དུ་རོལ་རྗེས་སམ་ཡང་ན་མ་ཞུ་བ་དང་ཕོ་བ་མི་བདེ་བའི་ནད་རྟགས་བྱུང་ཚེ་མི་མང་ཤོས་ཀྱིས་ཞི་བྱེད་ཀྱི་སྨན་ལ་བསྟེན་རྐྱང་བྱེད་པ་ཡིན། ཡིན་ནའང་དེ་ལྟར་རུང་ངམ་ཞེ་ན།
ཕོ་བདེ་ཟས་འཇུ་ལྟ་བུའི་སྨན་ལ་ཞོག་རྒོད་དང་རྒྱལ་སྲས་ཆིག་ཐུབ། སྐྱུ་རུ་ར། ཚ་ལུམ་ཤུན་པ་དང་གྲོ་མྱུག་བརྔོས་མ་སོགས་འདུས། དེ་ལས་ཞོག་རྒོད་ནི་རོ་མངར་ཞིང་ངོ་བོ་འཇམ་ལ་གནས་གློ་འཚེར་མཁལ་གསུམ་དུ་གཏོགས་པས། ཕོ་འཚེར་དང་མཁལ་མ་གསོ་བའི་ནུས་པ་ལྡན། རྒྱལ་སྲས་ཆིག་ཐུབ་ནི་ངོ་བོ་འཇམ་ལ་རོ་མངར་ཞིང་ཁ་བ་དང་། གློ་འཚེར་གསོ་ཞིང་རླུང་ཆུ་རྒྱས་པར་བྱེད་པའི་ནུས་པ་དང་ལྡན། སྐྱུ་རུ་ར་ནི་ཟས་འཇུ་བར་ཕན་ཞིང་། དེ་ལས་ཀྱང་ཤ་སོགས་མ་ཞུ་བར་ནུས་པ་ལྷག་པར་ཆེ། ཚ་ལུམ་ཤུན་པ་ནི་རླུང་རྒྱུ་བར་བྱེད་པའི་སྨན་ཡིན་ཞིང་། དེའི་རོ་ནི་ཚ་ཞིང་ཁ་བ་དང་ངོ་བོ་དྲོ་ལ་འཇམ། གནས་འཚེར་བ་དང་གློ་བར་གཏོགས་པས། རླུང་རྒྱུ་བ་དང་ཕོ་བའི་དྲོད་བསྐྱེད་དེ་ལུད་པ་འདོན་པའི་ནུས་པ་ཐོན། གྲོ་མྱུག་བརྔོས་མར་ཟས་འཇུ་ཞིང་འདུ་བ་སྙོམས་ལ། ཐུར་སེལ་གྱི་རླུང་རྒྱུ་བར་བྱེད་པ་དང་གསུས་པ་སྦོས་པ་ཞི་བའི་ནུས་པ་དང་ལྡན།
ཕོ་བདེ་ཟས་འཇུའི་སྨན་ནི་ཕོ་འཚེར་གྱི་མེ་དྲོད་ཅུང་ཟད་ཉམས་པ་མ་གཏོགས་སྤྱིར་བཏང་ལུས་སྟོབས་བཟང་ཙམ་ཡོད་པའི་མི་ལ་ད་གཟོད་འཚམ་པ་ཡིན། སྨན་དེས་ཕོ་རྒྱུའི་འགུལ་སྐྱོད་དང་ཟགས་ཐོན་ལ་གྲོགས་བྱས་ཏེ་འཇུ་བྱེད་ཀྱི་ལས་ལ་ཕན་པའི་ནུས་པ་ཐོན་པ་ཡིན། སྨན་བསྟེན་པའི་དུས་ལ་དུ་ཆང་དང་འཁྱག་ཟས་སྣུམ་ཟས་སོགས་ལ་འཛེམ་དགོས།
ཕོ་བདེ་ཟས་འཇུའི་སྨན་ནི་སྨན་ཐོ་མི་དགོས་པའི་ཀྲུང་སྨན་ཞིག་ཡིན། ཁོང་དུ་བསྟེན་པ་དང་ཁ་ལ་ལྡོད་པ་གང་ཡང་རུང་། སྨན་ལ་ལོག་པའི་གནོད་པ་ཆུང་ཞིང་མི་མང་ཤས་ལ་འཚམ་ཡང་། དུས་ཡུན་རིང་པོར་བསྟེན་མི་རིགས། གལ་ཏེ་ཉིན3ཡས་མས་སུ་བསྟེན་ཀྱང་ད་དུང་ཕན་བསྐྱེད་མི་ཐོན་ན་དུས་ཐོག་ཏུ་སྨན་པར་བསྟེན་དགོས་པ་ལས། མང་དུ་བསྟེན་པ་དང་གང་འདོད་དུ་བསྟེན་པ་སོགས་གཏན་ནས་མི་རུང་། གལ་ཏེ་མ་ཞུ་བའི་དབང་གིས་ཕོ་རྒྱུ་ལ་ཟས་རོ་ཁེགས་པ་ཡིན་ན། ཕོ་བདེ་ཟས་འཇུའི་སྨན་གང་འདོད་དུ་བསྟེན་ཚེ་ཕོ་འཚེར་གྱི་ནུས་པ་ཉམས་པར་བྱེད་ལ་ཕོ་རྒྱུའི་ཁམས་འཁྲུགས་པར་འགྱུར་བས། སྨན་བསྟེན་མཚམས་བཞག་རྗེས་འཇུ་བྱེད་ནུས་པ་ཉམས་པར་འགྱུར་བ་ཡིན།
གལ་ཏེ་ཕོ་བདེ་ཟས་འཇུའི་སྨན་བསྟེན་ཆེ་ན། སྐྱུ་རུ་རའི་ནུས་པའི་དབང་གིས་ཕོ་བ་ལ་སྐྱུར་རྩི་མང་དུ་ཟགས་ཏེ། ནད་པ་ལ་སྐྱུར་སྐྱུག་པ་དང་ཕོ་ཁ་ཚ་བའི་ནད་རྟགས་འབྱུང་བ་ཡིན། དཔེར་ན་ཕོ་ཚད་དང་ཕོ་བ་སྨུག་པོ་སོགས་ཀྱིས་གློ་བུར་ཕོ་བ་གཟེར་བ་དང་གསུས་པ་སྦོ་བ། སྐྱུག་པ་སོགས་བསྐྱེད་པ་ལྟ་བུ། བྱིས་པ་ལ་རབ་ཡིན་ན་བྱིས་པར་ཆེད་དུ་བཟོས་པའི་སྨན་བླུད་ན་བཟང་།
ཕོ་རྒྱུའི་ནུས་པ་ཞན་པའི་མི་ལ་མཚོན་ན། ཟས་ཚོད་རན་པར་བྱེད་རྒྱུ་ནི་ལྷག་པར་གལ་ཆེ་བ་ཡིན། ཚོད་མེད་པར་བཟའ་བ་དང་ཡང་ན་མི་བཟའ་བ། ཟས་དུས་ལ་ཆོས་ཉིད་མེད་པ། སྣུམ་བཅུད་ཆེ་བའི་ཤ་དང་སྣུམ་བཙོས་མེ་སྲེག་གི་རིགས་བསྟེན་པ་སོགས་ལ་གཡོལ་བ་དེ། ཕོ་བདེ་ཟས་འཇུའི་སྨན་བསྟེན་རྐྱང་བྱེད་རྒྱུ་ལས་གལ་ཆེ་བ་ཡིན། གལ་ཏེ་མ་ཞུ་བའི་ནད་ལ་སྨན་བཅོས་ལེགས་པོ་ཐོན་པར་འདོད་ན། མ་ཞུ་བའི་ནད་སྐྱེད་བྱེད་ཀྱི་རྒྱུ་དང་རྐྱེན་ལ་གསལ་པོར་བརྟག་སྟེ། ནད་རྒྱུ་རྩ་བ་ནས་བཅོ་བ་ནི་མཆོག་ཏུ་བསྔགས་སོ། །