གཉིད་ལངས་རྒྱག་པ་དང་ཆང་གིས་བཟི་བ། དུ་ནག་འཐེན་པ་བཅས་ཀྱི་སྐབས་སུ་མི་གཞན་ལ་རྨས་སྐྱོན་བཟོས་ན་འགན་འཁུར་དགོས་སམ།
གྱོད་དཔེ།
འབྲུག་བྱམས་ལ་སྔོན་ནས་གཉིད་ལངས་རྒྱག་པའི་གོམས་གཤིས་ཡོད་ལ། ད་དུང་རྒྱུན་པར་རྨི་ལམ་རྨི་སྐབས་ཉེན་ཁའི་བྱ་སྤྱོད་སྣ་ཚོགས་སྤེལ་སྲིད། མཐོ་འབྲིང་འགྲིམ་སྐབས་འབྲུག་བྱམས་ཀྱིས་གཉིད་ལངས་བརྒྱབ་སྟེ་ལག་ཏུ་གྲི་ཆུང་ཞིག་བཟུང་ནས་སློབ་གྲོགས་ལ་རྨས་སྐྱོན་བཟོས། སློབ་ཆེན་འགྲིམས་རྗེས་འབྲུག་བྱམས་ཀྱིས་ནད་གཞི་སྦ་གསང་བྱས་པས། གཉིད་ལངས་རྒྱག་ཐེངས་ཤིག་ལ་ལག་ཏུ་གྲི་ཆུང་བཟུང་སྟེ་མལ་ཁྲི་འོག་མའི་སློབ་གྲོགས་ལ་གཙགས། འདིར་འདྲི་རྒྱུ་ཞིག་ལ་མལ་གྲོགས་ལ་མི་ལུས་གནོད་སྐྱོན་བཟོས་པ་དེར་འབྲུག་བྱམས་ཀྱིས་འགན་འཁུར་དགོས་སམ།
གྱོད་དོན་དབྱེ་ཞིབ།
གྱོད་དོན་འདི་ནི་འདུ་ཤེས་ཉམས་རྗེས་དབང་ཆར་གནོད་པའི་གནད་དོན་དང་འབྲེལ་ཡོད་དེ། འབྲུག་བྱམས་གཉིད་ལངས་བརྒྱབ་པ་དེ་གནས་སྐབས་སུ་འདུ་ཤེས་མེད་པའམ་ཡང་ན་ཚོད་འཛིན་ཤོར་བར་གཏོགས་པས། དེ་ནི་ནད་རྟགས་ཤིག་རེད། འབྲུག་བྱམས་ཀྱིས་རང་གི་ནད་གཞི་སྦ་གསང་བྱས་པས་དོན་རྐྱེན་དེ་བྱུང་བ་ཡིན་པས། འབྲུག་བྱམས་ལ་ནོར་འཁྲུལ་ཡོད། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་པའི་མིས་རང་ཉིད་ཀྱི་བྱ་སྤྱོད་ལ་གནས་སྐབས་སུ་འདུ་ཤེས་མེད་པའམ་ཡང་ན་ཚོད་འཛིན་ཤོར་བའི་དབང་གིས་མི་གཞན་ལ་གནོད་སྐྱོན་བཟོས་པར་ནོར་འཁྲུལ་ཡོད་ན། དབང་གནོད་འགན་འཁྲི་འཁུར་དགོས། གལ་ཏེ་འབྲུག་བྱམས་ལ་ནོར་འཁྲུལ་མེད་པའི་དབང་དུ་བཏང་རུང་། གནོད་འཚེ་ཐེབས་མཁན་ལ་དཔལ་འབྱོར་གྱི་ཁ་གསབ་ངེས་ཅན་ཞིག་སྟེར་དགོས། ཡིན་ཡང་དཔལ་འབྱོར་ཁ་གསབ་འདི་བྱ་སྤྱོད་སྤེལ་མཁན་གྱི་དཔལ་འབྱོར་གནས་ཚུལ་ལ་གཞིགས་ནས་ཐག་གཅོད་དགོས། གྱོད་དོན་འདིའི་ནང་གི་འབྲུག་བྱམས་ནི་སློབ་ཆེན་པ་ཞིག་ཡིན་ལ། རང་སྟེང་ལ་དཔལ་འབྱོར་གྱི་ཡོང་ཁུངས་གང་ཡང་མེད་པས། དཔལ་འབྱོར་ཁ་གསབ་ཀྱང་ཅུང་ཉུང་བ་སྤྲད་ཆོག
གལ་ཏེ་གྱོད་དོན་འདི་འབྲུག་བྱམས་ཆང་གིས་བཟི་སྟེ་མལ་གྲོགས་ལ་གཙགས་ཏེ་རྨས་སྐྱོན་བཟོས་པར་བསྒྱུར་བའམ་ཡང་ན་འབྲུག་བྱམས་ཀྱིས་དུ་ནག་འཐེན་རྗེས་འཕྲུལ་སྣང་བྱུང་སྟེ་མལ་གྲོགས་ལ་གཙགས་རྨས་བཟོས་པར་བསྒྱུར་བ་ཡིན་ན། མཇུག་འབྲས་ལ་ཁྱད་པར་འབྱུང་སྲིད། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་པའི་མི་ཆང་གིས་བཟི་བའམ་སྦྲིད་སྨན་དང་དབང་རྩའི་སྨན་རྫས་གང་འདོད་དུ་སྤྱད་པས་རང་ཉིད་ཀྱི་བྱ་སྤྱོད་ལ་གནས་སྐབས་སུ་འདུ་ཤེས་མེད་པའམ་ཡང་ན་ཚོད་འཛིན་ཤོར་བའི་དབང་གིས་མི་གཞན་ལ་གནོད་སྐྱོན་བཟོས་པ་ཡིན་ན། དབང་གནོད་འགན་འཁྲི་འཁུར་དགོས། དེ་གར་ནོར་འཁྲུལ་ཡོད་མེད་ཅི་ཡང་རུང་། ཆང་གིས་བཟི་བའམ་ཡང་ན་དབང་རྩའི་སྨན་རྫས(དཔེར་ན་དུ་ནག་འཐེན་པ)ཡི་གནས་ཚུལ་འོག་མི་གཞན་ལ་གནོད་སྐྱོན་བཟོས་པ་ཡོངས་ལ་དབང་གནོད་འགན་འཁྲི་འཁུར་དགོས།
འབྲེལ་ཡོད་ཁྲིམས་ཚན།
དོན་ཚན1190པ། དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་པའི་མིས་རང་ཉིད་ཀྱི་བྱ་སྤྱོད་ལ་གནས་སྐབས་སུ་འདུ་ཤེས་མེད་པའམ་ཡང་ན་ཚོད་འཛིན་ཤོར་བའི་དབང་གིས་མི་གཞན་ལ་གནོད་སྐྱོན་བཟོས་པར་ནོར་འཁྲུལ་མཆིས་ཚེ། དབང་གནོད་འགན་འཁྲི་འཁུར་དགོས། ནོར་འཁྲུལ་མེད་ན། བྱ་སྤྱོད་སྤེལ་མཁན་གྱི་དཔལ་འབྱོར་གནས་ཚུལ་ལ་གཞིགས་ཏེ་གནོད་འཚེ་ཐེབས་མཁན་ལ་ཁ་གསབ་འོས་འཚམ་སྟེར་དགོས།
དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་པའི་མི་ཆང་གིས་བཟི་བའམ་ཡང་ན་སྤྲིད་སྨན་དང་དབང་རྩའི་སྨན་རྫས་གང་འདོད་དུ་སྤྱད་པའི་དབང་གིས་འདུ་ཤེས་ཉམས་པ་དང་ཡང་ན་ཚོད་འཛིན་ཤོར་ཏེ་མི་གཞན་ལ་གནོད་སྐྱོན་བཟོས་པ་ཡིན་ན། དབང་གནོད་འགན་འཁྲི་འཁུར་དགོས།
ཁྲིམས་ཚན་ཞིབ་འགྲེལ།
དོན་ཚན་འདི་ནི་དམངས་དོན་ཁྲིམས་གཞུང་ལས་འདུ་ཤེས་ཉམས་ནས་གནོད་སྐྱོན་བཟོས་པའི་འགན་འཁྲིའི་ཐད་ཀྱི་གཏན་འབེབས་རེད།
གནས་སྐབས་སུ་འདུ་ཤེས་ཉམས་པའི་གནོད་སྐྱོན་འགན་འཁྲི་ཞེས་པ་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་པའི་མིས་རང་གི་ནོར་འཁྲུལ་གྱི་དབང་གིས་གནས་སྐབས་སུ་འདུ་ཤེས་ཉམས་པའམ་ཡང་ན་ཆང་གིས་བཟི་བ་དང་། སྦྲིད་སྨན་དང་དབང་རྩའི་སྨན་རྫས་གང་འདོད་དུ་སྤྱད་པས་འདུ་ཤེས་ཉམས་ཏེ། མི་གཞན་ལ་གནོད་སྐྱོན་བཟོས་པ་ཡིན་པས། འཁུར་འོས་པའི་དམིགས་བསལ་གྱི་དབང་གནོད་འགན་འཁྲི་ལ་གོ་བ་ཡིན། གནས་སྐབས་སུ་འདུ་ཤེས་ཉམས་པའི་གནོད་སྐྱོན་འགན་འཁྲིའི་གྲུབ་རྐྱེན་ལ་གཤམ་གསལ་དག་འདུ་སྟེ། (1)དབང་ཆར་གནོད་པ་གཏོང་མཁན་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་པའི་མི་ཡིན་པ། (2)དབང་ཆར་གནོད་པ་ཐེབས་མཁན་ལ་དོན་དངོས་ཀྱི་གནོད་སྐྱོན་བཟོས་ཡོད་པ། (3)གནོད་སྐྱོན་བཟོ་སྐབས་དབང་ཆར་གནོད་པ་གཏོང་མཁན་གྱི་འདུ་ཤེས་ཉམས་པ། (4)དབང་གནོད་མཁན་རང་གིས་རང་གི་འདུ་ཤེས་ཉམས་སུ་བཅུག་པ།
དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་པའི་མིའི་འདུ་ཤེས་ཉམས་ཏེ་མི་གཞན་ལ་གནོད་སྐྱོན་བཟོས་པ་ཡིན་ན། དེའི་འགན་འཁྲི་འཁུར་ཐབས་ལ་མི་འདྲ་བ་འགའ་ཡོད་དེ། (1)ནོར་འཁྲུལ་ཡོད་ན་དབང་གནོད་འགན་འཁྲི་འཁུར་དགོས། (2)ནོར་འཁྲུལ་མེད་ན་གནོད་སྐྱོན་ཐེབས་མཁན་ལ་ཁ་གསབ་འོས་འཚམ་སྟེར་བ། (3)ཆང་གིས་བཟི་བའམ་ཡང་ན་སྤྲིད་སྨན་དང་དབང་རྩའི་སྨན་རྫས(དཔེར་ན་དུ་ནག་འཐེན་པ)གང་འདོད་དུ་སྤྱད་དེ་རང་ཉིད་ཀྱི་བྱ་སྤྱོད་ལ་གནས་སྐབས་སུ་འདུ་ཤེས་མེད་པའམ་ཡང་ན་ཚོད་འཛིན་ཤོར་བའི་དབང་གིས་མི་གཞན་ལ་གནོད་སྐྱོན་བཟོས་པ་ཡིན་ན། ནོར་འཁྲུལ་ཡོད་མེད་ཅི་ཡང་རུང་། དབང་གནོད་འགན་འཁྲི་འཁུར་དགོས། །