2025ལོ་ནས་བཟུང་ལས་བཟོ་པའི་རྒན་གསོའི་འགན་སྲུང་ནང་ནད་པ་དང་དབང་པོ་སྐྱོན་ཅན་གྱི་ཁ་གསབ་བསྣན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུའུ་ཡིས་ཚེས18ཉིན《ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་སྲུང་གི་ནད་སྐྱོན་གསབ་དངུལ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》འགྲེམས་སྤེལ་བྱས་ནས།  བྱེད་ཐབས་ནང2025ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་སྲུང་ནང་ཞུགས་མཁན་ལ་ཁྲིམས་གཏན་འཁེལ་བའི་ལས་འཁྱུར་ངལ་གསོའི་ལོ་ཚད་ལ་མ་སླེབས་གོང་། ནད་གཞི་དང་ཡང་ན་གཞུང་དོན་མིན་པའི་དབང་སྐྱོན་དུ་གྱུར་ཏེ་ངལ་རྩོལ་ནུས་པ་ཡོངས་སུ་ཤོར་བའི་རིགས་ལ་ཟླ་རེ་བཞིན་དབང་སྐྱོན་གྱི་གསབ་དངུལ་ལེན་རྒྱུའི་རེ་ཞུ་བྱེད་ཆོག་པ་ཁ་གསལ་བཏོན།

དབང་པོ་སྐྱོན་ཅན་གྱི་གསབ་དངུལ་སྤྲོད་པའི་ཟླ་རེའི་ཚད་གཞི་དང་སྤྲོད་ཡུན་ནི་འགན་སྲུང་ནང་ཞུགས་མཁན་གྱིས་དབང་པོ་སྐྱོན་ཅན་གྱི་གསབ་དངུལ་རེ་ཞུ་བྱེད་སྐབས་ཀྱི་ལོ་ཚད་དང་གྲོན་དངུལ་འཇལ་བའི་ལོ་ཚད་སོགས་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས། དབང་པོ་སྐྱོན་ཅན་གྱི་གསབ་དངུལ་སྤྲོད་པའི་ཟླ་རེའི་ཚད་གཞི་དེ་རྒྱལ་ཁབ་ཀྱིས་གཞི་རྩའི་རྒན་གསོའི་དངུལ་གཅིག་གྱུར་ལེགས་སྒྲིག་བྱེད་སྐབས་དུས་གཅིག་ཏུ་ལེགས་སྒྲིག་བྱས།   

འགན་སྲུང་ནང་ཞུགས་མཁན་གྱིས་ནད་པ་དང་དབང་པོ་སྐྱོན་ཅན་གྱི་གསབ་དངུལ་ལེན་རྒྱུ་དང་། རྒྱལ་ཁབ་ཀྱི་གཞི་རྩའི་རྒན་གསོའི་འགན་སྲུང་འབྲེལ་བ་སྤོ་སྒྱུར་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཐོབ་ཐང་ལེན་ཡུལ་གཏན་འཁེལ་བྱེད་དགོས། ནད་པ་དང་དབང་པོ་སྐྱོན་ཅན་གྱི་གསབ་དངུལ་ལེན་སྐབས་གཞི་རྩའི་རྒན་གསོའི་འགན་སྲུང་གྲོན་དངུལ་འཇལ་སྤྲོད་བྱེད་མི་དགོས། མུ་མཐུད་ལས་ཞུགས་བྱས་ནས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་གྲོན་དངུལ་འཇལ་མཁན་གྱིས་གྲོན་དངུལ་འཇལ་རྒྱུ་སླར་གསོ་བྱས་པའི་ཟླ་བ་རྗེས་མ་ནས་བཟུང་དབང་པོ་སྐྱོན་ཅན་གྱི་གསབ་དངུལ་སྤྲོད་མཚམས་འཇོག་རྒྱུ།

བྱེད་ཐབས་ནང་ནད་པ་དང་དབང་པོ་སྐྱོན་ཅན་གྱི་གསབ་དངུལ་རེ་འདུན་ཞུ་མཁན་གྱིས་ཐོབ་ཐང་ལེན་སའམ་ཡང་ན་མཐའ་མའི་འགན་སྲུང་ནང་ཞུགས་མཁན་ས་ཁུལ་དང་ས་ཁུལ(ཆུས་དང་གྲོང་ཁྱེར་བཙུགས་པ)ཡན་གྱི་ངལ་རྩོལ་ནུས་པ་གསལ་འབྱེད་སྒྲིག་གཞིས་བཏོན་པའི་ངལ་རྩོལ་ནུས་པ་རྦད་དེ་ཤོར་བའི་གསལ་འབྱེད་མཇུག་བསྡོམས་ཡོད་དགོས། ཞིང་ཆེན་རིམ་པའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་ནད་པའི་གསབ་དངུལ་ལེན་མཁན་གྱི་ངལ་རྩོལ་ནུས་པ་བསྐྱར་བཤེར་གསལ་འབྱེད་ལམ་ལུགས་བཙུགས་ནས་བསྐྱར་བཤེར་གསལ་འབྱེད་བྱས་པ་བརྒྱུད་ངལ་རྩོལ་ནུས་པ་ཡོངས་སུ་ཤོར་བའི་ཚད་གཞིར་མ་སླེབས་ཚེ། བསྐྱར་བཤེར་གསལ་འབྱེད་ཀྱིས་མཇུག་བསྡོམས་བྱས་པའི་ཟླ་བ་རྗེས་མ་ནས་བཟུང་ནད་པའི་གསབ་དངུལ་སྤྲོད་མཚམས་འཇོག་རྒྱུ།

དབང་པོ་སྐྱོན་ཅན་གྱི་གསབ་དངུལ་ལ་མཁོ་བའི་མ་དངུལ་དག་གཞི་རྩའི་རྒན་གསོའི་འགན་སྲུང་ཐེབས་རྩ་ནས་གཏོང་སྤྲོད་བྱ་རྒྱུ། མགོ་སྐོར་གཡོ་འཕྲུལ་དང་། བདེན་དཔང་ཡིག་ཆ་རྫུན་བཟོའམ་ཡང་ན་བྱེད་ཐབས་གཞན་དག་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་གསབ་དངུལ་གཡོ་ལེན་བྱེད་མཁན་ལ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཕྱིར་སློག་བྱེད་འགན་དཀྲི་རྒྱུ་མ་ཟད། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

2023ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་སུ་ཁེ་ལས་ཀྱི་ལས་བཟོ་པ་གཞི་རྩའི་རྒན་གསོའི་འགན་སྲུང་ནང་ཞུགས་མཁན་མི་གྲངས་ཁྲི46044ཟིན་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་མི་གྲངས་ཁྲི1642ལ་འཕར་ཡོད། འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་ནས2025ལོ་ནས་བཟུང་སྐྱེས་པ་ལས་བཟོ་པ་དང་། བུད་མེད་ལས་བྱེད་པ། བུད་མེད་བཟོ་པ་བཅས་ཀྱི་ཁྲིམས་གཏན་འཁེལ་བའི་ལས་འཁྱུར་ངལ་གསོའི་ལོ་ཚད་དེ་རིམ་བཞིན་ལོ63དང་།ལོ58། ལོ55བཅས་བར་ནར་འགྱངས་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།