བློ་མཐུན་རྩོམ་སྒྲིག་པ་ལགས།
ང་སློབ་ཆེན་མཐར་ཕྱིན་རྗེས། ཇུས་འགོད་ཀུང་སི་ཞིག་ཏུ་བྱ་བ་བསྒྲུབས་ཤིང་། ཐོག་དང་པོར་བྱ་བའི་སྟེང་ཞུགས་དུས་ཟླ་ཕོགས་ཤིན་ཏུ་ཉུང་བས་ཁང་གླ་དང་གློག་རིན། ཆུ་རིན་བཅས་ལ་གྲོན་ཆུང་བྱེད་ཆེད། ཀུང་སིར་རང་གི་ཟླ་ཕོགས་ལས་ཕྱེད་ཀ་འཐེན་ནས་སྤྲོད་པའི་སྤྱི་ཚོགས་ཉེན་སྲུང་སྤྲད་དུ་མ་བཅུག དེ་དང་སྦྲགས་ཏེ་ཕྱིས་སུ་རང་ཉིད་ཀྱིས་ཀྱང་ཀུང་སིར་སྤྱི་ཚོགས་ཉེན་སྲུང་སྤྲད་དགོས་པའི་ཕྱོགས་ཀྱི་འདོད་ཚུལ་ཅི་ཡང་གདོན་རྒྱུ་མིན་པ་དང་།ད་དུང་སྤྱི་ཚོགས་ཉེན་སྲུང་གི་སྙན་ཞུ་དོར་བའི་གསལ་བསྒྲགས་ཡི་གེ་སྟེང་མིང་ཐོ་བཀོད། ལོ་གཉིས་འགོར་རྗེས། ངའི་ཟླ་ཕོགས་ཇེ་མང་དུ་སོང་བ་དང་བསྟུན་སྤྱི་ཚོགས་ཉེན་སྲུང་ངེས་པར་སྤྲད་དགོས་པར་བསམས་ཏེ། ཀུང་སིར་ལོ་གཉིས་ཀྱི་རིང་ཆད་འགྱངས་བྱས་པའི་སྤྱི་ཚོགས་ཉེན་སྲུང་སྤྲད་དགོས་པའི་རེ་བ་བཏོན་པ་ན། ཀུང་སིས་ང་ལ་ཁྱོད་ཀྱིས་སྔོན་ཆད་རང་འགུལ་གྱིས་སྤྱི་ཚོགས་ཉེན་སྲུང་སྤྲད་རྒྱུ་དོར་བ་གནས་ལུགས་སུ་བཟུང་སྟེ་དང་ལེན་གཏན་ནས་མ་བྱས། ཕྱིས་སུ་ངས་ས་གནས་ངལ་རྩོལ་ལྟ་ཞིབ་དོ་དམ་སྡེ་ཁག་ལ་གནས་ཚུལ་ཐེར་འདོན་བྱས་ཏེ་ཇུས་འགོད་ཀུང་སིས་ང་ལ་སྤྱི་ཚོགས་ཉེན་སྲུང་སྤྲད་དགོས་པའི་རེ་བ་བཏོན་ཙ་ན།མཇུག་མཐར་ངལ་རྩོལ་ལྟ་ཞིབ་དོ་དོམ་སྡེ་ཁག་གིས་ཇུས་འགོད་ཀུང་སིར་སྤྱི་ཚོགས་ཉེན་སྲུང་སྤྲད་དུ་བཅུག་པའི་ཁར་ལོ་གཉིས་རིང་དུས་འགྱངས་བྱས་པའི་ཆད་དངུལ་ཡང་སྤྲད་དུ་བཅུག ཕྱིས་སུ་ཀུང་སིའི་འགན་འཁུར་མཁན་དེར་མ་འཐད་པས་དུས་འགྱངས་བྱས་པའི་ཆད་དངུལ་ཡོད་ཚད་ངས་འགན་འཁུར་དགོས་པར་བསམས། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་སྤྱི་ཚོགས་ཉེན་སྲུང་གི་དུས་འགྱངས་ཆད་དངུལ་སུས་སྟེར་དགོས།
ཞེས་བསམ་འགྲུབ་ཀྱིས།
བློ་མཐུན་བསམ་འགྲུབ་ལགས།
རང་རྒྱལ་གྱི《ངལ་རྩོལ་བཅའ་ཁྲིམས》ཀྱི་དོན་ཚན3པ་དང《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན38པའི་གཏན་འཁེལ་ལྟར། “ངལ་རྩོལ་པར་སྤྱི་ཚོགས་ཉེན་སྲུང་གི་ཕན་བདེ་ལོངས་སུ་སྤྱོད་དབང་ཡོད་པས། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ངལ་རྩོལ་པར་སྤྱི་ཚོགས་ཉེན་སྲུང་གྲོན་དངུལ་སྤྲད་དགོས། འདི་ནི་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱི་ཁྲིམས་བཀོད་འོས་འགན་ཡིན། དེ་བས་སྤྱི་ཚོགས་ཉེན་སྲུང་གྲོན་དངུལ་སྤྲོད་པར་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ཧུར་ཐག་གིས་ལག་བསྟར་བྱ་དགོས་པར་མ་ཟད་ངལ་རྩོལ་པས་ཀྱང་གཞོགས་འདེགས་བྱ་དགོས”ཞེས་བཀོད་ཡོད།
གོང་གི་གྱོད་དོན་འདིའི་ཁྲོད་དུ། ཁྱོད་ལ་སྤྱི་ཚོགས་ཉེན་སྲུང་གྲོན་དངུལ་སྤྲད་མེད་པར་ཀུང་སི་ལ་ནོར་འཛོལ་ངེས་ཅན་ཞིག་ཡོད་པས་འོས་འཚམས་ཀྱི་འགན་འཁྲི་འཁུར་དགོས། ཡིན་ན་ཡང་། ཁྱོད་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མི་ཞིག་ཡིན་པའི་ཆ་ནས་རང་གི་བྱ་སྤྱོད་ཀྱི་མཇུག་འབྲས་ཤེས་ཐུབ་པ་དང་། ཀུང་སིས་སྤྱི་ཚོགས་ཉེན་སྲུང་མ་སྤྲད་པའི་བྱ་སྤྱོད་ལ་ཡང་འགན་ངེས་ཅན་ཞིག་ཡོད། ཁྱོད་ཀྱིས་རང་འགུལ་སྒོས་ཀུང་སིར་སྤྱི་ཚོགས་ཉེན་སྲུང་གྲོན་དངུལ་སྤྲད་མི་དགོས་པའི་རེ་ཞུ་ཞུས་པ་དང་། ཕྱིས་སུ་ཡང་འགྱོད་པ་སྐྱེས་ནས་ཀུང་སིར་སྤྱི་ཚོགས་ཉེན་སྲུང་གྲོན་དངུལ་གསབ་སྤྲོད་བྱ་དགོས་པའི་རེ་བ་བཏོན་པ་དེ། རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན7པར་གཏན་འཁེལ་བྱས་པའི་ཁ་དན་ཚིག་གནས་ཀྱི་རྩ་དོན་དང་འགལ་ཡོད། མདོར་ན་ཀུང་སིས་སྤྱི་ཚོགས་ཉེན་སྲུང་གི་གྲོན་དངུལ་གསབ་འཇལ་བྱས་པ་ལས་བྱུང་བའི་དུས་འགྱངས་ཆད་དངུལ་དེ། ཀུང་སི་དང་ཁྱོད་གཉིས་ཀར་འགན་འཁྲི་ཡོད་པས་དུས་འགྱངས་ཆད་དངུལ་སོ་སོས་ཕྱེད་ཀའམ་བསྡུར་ཚད་ངེས་ཅན་ལྟར་འགན་འཁུར་རྒྱུའི་གྲོས་མོལ་བྱས་ཆོག