རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1165པའི་གཏན་འཁེལ་ལྟར་ན། བྱ་སྤྱོད་སྤེལ་མཁན་གྱིས་ནོར་འཛོལ་དབང་གིས་སྐྱེ་བོ་གཞན་གྱི་དམངས་དོན་ཁེ་དབང་ལ་གནོད་འཚེ་བཏང་ནས་རྨས་སྐྱོན་བཟོས་ན། དབང་གནོད་འགན་འཁྲི་འཁུར་དགོས། བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་བྱ་སྤྱོད་སྤེལ་མཁན་ལ་ནོར་འཛོལ་ཡོད་པའི་རིགས་འདེད་བྱས་ཏེ་རང་ཉིད་ལ་ནོར་འཛོལ་མེད་པ་བདེན་དཔང་བྱེད་མི་ཐུབ་ན། དབང་གནོད་འགནའཁྲི་འཁུར་དགོས།
རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1198པའི་གཏན་འཁེལ་ལྟར་ན། མགྲོན་ཁང་དང་ཚོང་ར། དངུལ་ཁང་། རླངས་འཁོར་འབབ་ཚུགས། གནམ་གྲུ་ཐང་། ལུས་རྩལ་ར་བ། རོལ་རྩེད་ཁང་སོགས་གཉེར་སྐྱོང་བྱེད་ས་དང་། སྤྱི་པའི་འདུ་ར་ཡི་གཉེར་སྐྱོང་པའམ་དོ་དམ་པ། ཡང་ན་མང་ཚོགས་རང་བཞིན་གྱི་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་གྱིས་བདེ་འཇགས་འགན་སྲུང་གི་འོས་འགན་མ་བསྒྲུབས་པར་སྐྱེ་བོ་གཞན་ལ་གནོད་སྐྱོན་བཟོས་ན། དབང་གནོད་ཁག་འགན་འཁུར་དགོས། ཕུང་གསུམ་པའི་བྱ་སྤྱོད་ཀྱི་དབང་གིས་སྐྱེ་བོ་གཞན་ལ་གནོད་སྐྱོན་བཟོས་ན། ཕུང་གསུམ་པས་དབང་གནོད་འགན་འཁྲི་འཁུར་དགོས་ཤིང་། གཉེར་སྐྱོང་པ་དང་དོ་དམ་པའམ་སྒྲིག་འཛུགས་བྱེད་མཁན་བཅས་ཀྱིས་བདེ་འཇགས་འགན་སྲུང་གི་འོས་འགན་མ་བསྒྲུབས་ན། བབ་མཚུངས་ཀྱི་ཁ་གསབ་འགན་འཁྲི་འཁུར་དགོས། གཉེར་སྐྱོང་པ་དང་དོ་དམ་པའམ་ཡང་ན་སྒྲིག་འཛུགས་བྱེད་མཁན་གྱིས་ཁ་གསབ་ཀྱི་འགན་འཁྲི་འཁུར་རྗེས་ཕུང་གསུམ་པར་སྐྱིན་ཚབ་བདའ་འདེད་བྱས་ཆོག་ཅེས་བཀོད་ཡོད།