བྱིས་པའི་སྙོར་སྐྱོང་གྲོན་དངུལ་སྟེར་བའི་ཚད་གཞི་ག་འདྲ་ཡིན།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1085པའི་གཏན་འཁེལ་ལྟར་ན།“གཉེན་འཐོར་བྱས་རྗེས། བུ་དང་བུ་མོ་ཁྱོ་ཤུག་ཕྱོགས་གཅིག་གིས་ཐད་ཀར་སྙོར་སྐྱོང་བྱས་རིགས། ཕྱོགས་ཅིག་ཤོས་དེས་སྙོར་སྐྱོང་གྲོན་དངུལ་ཡོད་ཚད་དམ་ཆ་ཤས་སྟེར་བའི་འགན་འཁུར་དགོས། གྲོན་དངུལ་ལས་ག་ཚོད་འཁུར་དགོས་པ་དང་དུས་ཡུན་གྱི་རིང་ཐུང་ནི་ཁྱོ་ཤུག་ཕྱོགས་གཉིས་ཀྱིས་གྲོས་བྱ་དགོས། གྲོས་འཆམ་མ་བྱུང་ཚེ་མི་དམངས་ཁྲིམས་ཁང་གིས་དཔྱད་མཚམས་གཏང་དགོས། གོང་གསལ་དོན་ཚན་ལས་གཏན་འཁེལ་བྱས་ཡོད་པའི་གྲོས་མོལ་ལམ་དཔྱད་མཚམས་དེས། དགོས་ངེས་ཀྱི་སྐབས་སུ་བུ་དང་བུ་མོས་ཕ་མ་ཕྱོགས་གང་རུང་ལ་གྲོས་མཐུན་བཞག་པའམ་དཔྱད་མཚམས་བཏང་བའི་སྔོན་གྱི་གཏན་འཁེལ་གྲངས་ཚད་ལས་བརྒལ་བའི་ལུགས་མཐུན་གྱི་རེ་བ་བཏོན་པར་འགལ་རྐྱེན་མི་ཡོང”ཞེས་བཀོད་ཡོད།

གཅིག མི་དམངས་ཁྲིམས་ཁང་གིས་བུ་དང་བུ་མོའི་སྙོར་སྐྱོང་གྲོན་དངུལ་གྱི་སྒོར་གྲངས་གཏན་འཁེལ་བྱེད་དུས། སྤྱིར་བཏང་དུ་གཤམ་གྱི་ཚད་གཞི་གསུམ་གཞིར་བཟུང་སྟེ་ཐག་གཅོད་བྱ་དགོས་ཏེ། བུ་དང་བུ་མོའི་དངོས་ཡོད་ཀྱི་དགོས་མཁོ། ཕ་མ་ཕྱོགས་གཉིས་ཀའི་འགན་འཁུར་ནུས་པ། ས་གནས་ཀྱི་དངོས་ཡོད་འཚོ་བའི་ཆུ་ཚད་བཅས་སོ། །

གཉིས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ལས་གཉེན་སྒྲིག་དང་ཁྱིམ་ཚང་གི་ལེའུ་སྐོར་གྱི་འགྲེལ་བཤད(དང་པོ)གཞིར་བཟུང་ན། བྱིས་པའི་སྙོར་སྐྱོང་གྲོན་དངུལ་གཤམ་གྱི་ཚད་གཞི་ལྟར་སྟེར་དགོས།

(1) གཏན་འཇགས་ཀྱི་ཡོང་འབབ་ཡོད་མཁན་གྱིས་སྙོར་སྐྱོང་གི་གྲོན་དངུལ་དེ། སྤྱིར་བཏང་དུ་ཟླ་རེའི་སྤྱིའི་ཡོང་འབབ་ཀྱི་བརྒྱ་ཆའི20ནས30ཡི་བསྡུར་ཚད་ལྟར་སྟེར་དགོས། བུ་དང་བུ་མོ་གཉིས་ཡན་གྱི་སློབ་སྐྱོང་གྲོན་དངུལ་གྱི་འགན་འཁུར་དགོས་ཚེ། བསྡུར་ཚད་འོས་འཚམ་གྱིས་ཇེ་མཐོར་གཏང་ཆོག ཡིན་ན་ཡང་སྤྱིར་བཏང་དུ་ཟླ་རེའི་སྤྱིའི་ཡོང་འབབ་ཀྱི་བརྒྱ་ཆའི50ལས་བརྒལ་མི་ཆོག

(2) གཏན་འཇགས་ཡོང་འབབ་མེད་མཁན་གྱིས་སྙོར་སྐྱོང་གྲོན་དངུལ་གྱི་ཚད་དེ། ལོ་དེའི་སྤྱིའི་ཡོང་འབབ་བམ་ལས་རིགས་གཅིག་པའི་ཆ་སྙོམས་ཡོང་འབབ་གཞིར་བཟུང་སྟེ། གོང་གསལ་གྱི་བསྡུར་ཚད་ལ་གཞིགས་ནས་གཏན་འཁེལ་བྱ་དགོས།

(3) དམིགས་བསལ་གྱི་གནས་ཚུལ་ཡོད་ཚེ། གོང་གསལ་གྱི་བསྡུར་ཚད་འོས་འཚམ་སྒོས་ཇེ་མཐོའམ་ཇེ་དམའ་རུ་གཏང་ཆོག

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།