འཚོ་རྒྱུ་མང་ཆེ་བ་མིའི་ལུས་པོས་རང་འགུལ་ངང་འདྲེས་གྲུབ་བྱེད་མི་ཐུབ་པས། ཟ་མའི་ཁྲོད་ནས་བསྡུ་ལེན་བྱ་དགོས། རྒྱུན་མཐོང་གི་འཚོ་རྒྱུ་ལ་ཚིལ་ཞུ་རང་བཞིན་གྱི་འཚོ་རྒྱུ་དང་ཆུར་ཞུ་རང་བཞིན་གྱི་འཚོ་རྒྱུ་རིགས་གཉིས་ཡོད་ལ། དེ་ལས་སྔ་མར་གཏོགས་པ་ནི་འཚོ་རྒྱུA、D、E、Kསོགས་དང་། ཕྱི་མར་གཏོགས་པ་ནི་འཚོ་རྒྱུCདངBཡི་རིགས་ལྟ་བུ་ཡིན།
ཚིལ་ཞུ་རང་བཞིན་གྱི་འཚོ་རྒྱུ་ཁ་ཤས་བསྡུ་ལེན་བྱ་རྒྱུ་ཚད་ལས་བརྒལ་ན། དོས་དྲག་དང་དལ་བའི་རང་བཞིན་གྱི་དུག་ཕོག་པའི་ཉེན་ཁ་ཡོད་དེ། དཔེར་ན་དུས་ཡུན་རིང་བོར་འཚོ་རྒྱུAདངDབསྡུ་ལེན་བྱ་རྒྱུ་མང་དྲགས་ན་མཆིན་པ་མི་བདེ་བ་ལྟ་བུའོ། ། གཞན་ལུས་པོ་ཐང་ཆད་པ་དང་རུས་གཟེར་ལངས་པ། རྣམ་རིག་མི་གསལ་བ་ལྟ་བུའི་ནད་རྟགས་ཀྱང་ཡོད། འཚོ་རྒྱུDཚད་ལས་བརྒལ་ན་ད་དུང་ཁྲག་ནང་གི་ཀལ་མཐོ་དྲགས་ཏེ་དོན་སྣོད་གང་རུང་ལ་ཀལ་འགྱུར་འབྱུང་བའི་ཉེན་ཁའང་ཡོད།
ཆུར་ཞུ་རང་བཞིན་གྱི་འཚོ་རྒྱུ་ནི་ཆུ་ནང་དུ་ཞུ་ཐུབ་པས། ཚད་ལས་བརྒལ་ནའང་ལུས་པོས་རང་འགུལ་ངང་སྙོམ་སྒྲིག་བྱེད་ཐུབ། དེ་བས་དུག་ཕོག་པའི་གནོད་པ་མེད། ཡིན་ནའང་ཧ་ཅང་ཚད་ལས་བརྒལ་ན་དེས་ཀྱང་ལུས་པོར་མི་བདེ་བ་བཟོ་སྲིད་དེ། དཔེར་ན་འཚོ་རྒྱུCཚད་ལས་བརྒལ་ན་ཁོག་པ་བཤལ་བ་དང་། ཉིན་རེར་ཧའོ་ཁེ500ལས་བརྒལ་ན་མཁྲིས་རྡོ་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་ལྟ་བུའོ། །
ཆེད་མཁས་པས་གསལ་འདེབས་བྱས་པ་ལྟར་ན། གལ་ཏེ་འཚོ་རྒྱུ་ཁ་གསབ་བྱ་དགོས་ཚེ། སྔོན་ལ་ཉིན་རྒྱུན་གྱི་བཟའ་བཏུང་ནས་མགོ་བརྩམ་དགོས་པ་སྟེ། གལ་ཏེ་བཟའ་བཏུང་ལ་བརྟེན་ནས་འཚོ་རྒྱུའི་དགོས་མཁོ་སྐོང་མ་ཐུབ་ཚེ། འཚོ་བཅུད་ཚན་ཁག་གི་སྨན་པའི་མཛུབ་སྟོན་འོག་འཚོ་རྒྱུ་ཁ་གསབ་བྱས་ན་བཟང་།
བྱེད་ཐབས་འདི་དག་ཟ་མའི་ཁྲོད་ཀྱི་འཚོ་རྒྱུ་གསོག་ཉར་བྱེད་པར་ཕན་པ་སྟེ། དཔེར་ན་རྩིང་འབྲུ་དང་ཕབ་རྩི། སྒོ་ང་སོགས་ཀྱི་ནང་དུ་འཚོ་རྒྱུB1མང་པོ་ཡོད་ནའང་། བཟའ་བཅའ་ལ་བཟོ་སྣོན་བྱེད་པའི་གོ་རིམ་ཁྲོད་འཚོ་རྒྱུB1མང་པོ་ཤོར་བརླག་ཐེབས་འགྲོ་བ་ལྟ་བུ་རེད། དེ་བས་འབྲུ་རིགས་སོགས་འཁྲུད་སྐབས་ཚད་ལས་བརྒལ་བར་བཀྲུས་ན་མི་བཟང་བར། རྒྱུན་པར་ཐེངས་གཅིག་བཀྲུས་ན་ཆོག དེ་ལྟར་བྱས་ན་འཚོ་རྒྱུBཡི་རིགས་མང་པོ་གསོག་ཉར་བྱ་ཐུབ་པ་སྟེ། དཔེར་ན་འཚོ་རྒྱུB1དངB2ལྟ་བུའོ། །