རང་བྱུང་མིའི་ལུས་པོའི་དབང་ཆ་ལ་སྲུང་སྐྱོང་ཇི་ལྟར་བྱ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1003པའི་ནང་རང་བྱུང་མིར་ལུས་པོའི་དབང་ཆ་ལོངས་སུ་སྤྱད་རྒྱུ་ཡོད་ཅེས་གཏན་འཁེལ་བྱས་ཡོད། རང་བྱུང་མིའི་ལུས་ཕུང་ཆ་ཚང་དང་བྱ་སྤྱོད་རང་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་དགོས། རྩ་འཛུགས་སམ་མི་སྒེར་སུ་ཞིག་གིས་ཀྱང་མི་གཞན་གྱི་ལུས་པོའི་དབང་ཆར་གནོད་འཚེ་བཏང་མི་ཆོག

ལུས་པོའི་དབང་ཆ་ཞེས་པ་ནི་རང་བྱུང་མིར་ལོངས་སུ་སྤྱད་རྒྱུ་ཡོད་པའི་ལུས་པོའི་ཆ་ཚང་དང་འགུལ་སྐྱོད་རང་དབང་སྲུང་སྐྱོང་བྱ་རྒྱུ་ནང་དོན་དུ་བྱེད་པའི་དབང་ཆ་ལ་ཟེར། ལུས་པོའི་ཆ་ཚང་དང་འགུལ་སྐྱོད་རང་དབང་ལ་གཏོར་བརླག་བྱེད་པ་ནི་ལུས་པོའི་དབང་ཆར་གནོད་འཚེ་བཏང་བ་སྟེ། དཔེར་ན་མིའི་གདོང་ལ་རྡེབ་པ་དང་། སྐྲ་གཏུབ་པ། ཡན་ལག་གཅོད་པ། ཟི་སྐྱུར་གཏོར་ནས་མིའི་གདོང་ལ་གཏོར་བརླག་བྱེད་པ། བཙན་ཤེད་ཀྱིས་འོ་བྱེད་པ། སྨན་ཁང་དུ་གཤགས་བཅོས་བྱེད་སྐབས་ནད་པ་ནོར་བའམ་གཤགས་བཅོས་བྱེད་ས་ནོར་བ་སོགས་ཚང་མ་མི་གཞན་གྱི་ལུས་པོའི་དབང་ཆར་གནོད་འཚེ་བཏང་བའི་བྱ་སྤྱོད་ཡིན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།