རྒྱུན་དུ་མཚན་ཟས་བསྟེན་ན་གནོད་པ་མང་།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

དེང་རབས་ཀྱི་མི་རྣམས་ལ་སེམས་ཁུར་ཇེ་ལྕི་དང་། མཚན་མོའི་ལས་ཚེགས་ཇེ་ལྕིར་སོང་བ་དང་། མགྱོགས་ཟས་དང་སྐྱེལ་ཟས་དར་བ་སོགས་ཀྱིས། མཚན་མོར་ཟས་བསྟེན་པ་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཏུ་གྱུར་ཡོད། ཐ་ན་མི་ཁག་ཅིག་ལ་དེ་ནི་གོམས་སྲོལ་ལྟ་བུའི་ཚད་དུ་སླེབས་ཡོད། གཞན་ཡང་མཚན་མོར་ཟས་ཆང་བག་མེད་དུ་སྤྱོད་པ་དེ་ནི་ཉིན་གྱི་སེམས་ངལ་བསང་བའི་གྲོགས་སུ་བསྟེན་མཁན་ཡང་མང་པོ་ཡོད་ཀྱང་། རྒྱུན་པར་ཚྭ་སྣུམ་མངར་གསུམ་མཐོ་བའི་ཞོར་ཟས་དང་མགྱོགས་ཟས་བསྟེན་ན་བདེ་ཐང་ལ་གནོད། ཞིབ་འཇུག་ལས་ཤེས་གསལ་ལྟར་ན། དུས་ཡུན་རིང་པོར་མཚན་ཟས་བསྟེན་ན་ཁོང་ནད་སྣ་ཚོགས་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་ཡིན་ཏེ། དཔེར་ན་གཅིན་སྙི་ཟ་ཁུའི་ནད་དང་མཆིན་པ་ཚིལ་འགྱུར་གྱི་ནད།  སྙིང་ཁྲག་གི་ནད་དང་འབྲས་སྐྲན་གྱི་ནད་སོགས་ལྟ་བུ། དེ་ལ་ཀྲུང་ལུགས་གསོ་རིག་གིས་མཚན་ཟས་བསྟེན་པའི་སྐོར་ལ་ཅི་བཞེད་ཞེ་ན།

ཀྲུང་ལུགས་གསོ་རིག་གི་སྨན་གཞུང་དུ་ཟས་སྤྱོད་གང་བསྟེན་ཕྱི་འབྱུང་བའི་འགྱུར་ལྡོག་གི་ཆོས་ཉིད་དང་བསྟུན་དགོས་ལུགས་བཏོན་ཡོད་ལ། བཟའ་བཏུང་ལུགས་མཐུན་གྱིས་བསྟེན་པའི་བདེ་ཐང་གི་སྤྱོད་ལམ་དེ་གནད་དུ་འཛིན། བཟའ་བཏུང་ལུགས་མཐུན་གྱིས་བསྟེན་ཚུལ་སྐོར་ལ་གདམས་པ་མང་པོ་ཡོད་དེ། དཔེར་ན《ལི་བའི་དེབ་ཐེར》ཞེས་པར“ཟས་དུས་སུ་བསྟེན་ན། ལུས་ནད་ཀྱིས་མི་འཚེ”ཞེས་བསྟན་ཡོད་པ་ལྟ་བུ། དེ་ལས་ཟས་བསྟེན་པའི་དུས་ཚོད་ཆོས་ཉིད་དང་བསྟུན་པ་ལུས་ཀྱི་བདེ་ཐང་ལ་གལ་ཆེ་ཚུལ་བསྟན་ཡོད། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ། ཉིན་གཅིག་ཐུན་གསུམ་ལ་བགོས་ཏེ་ཟས་ཚོད་རན་པར་བསྟེན་ན་ལུས་པོ་བདེ་ཐང་ཡོང་བར་ཕན་ལ། ཕོ་འཚེར་གྱི་བྱེད་ལས་གོ་རིམ་དང་ལྡན་པར་འགྱུར་བ་ཡིན།

དེ་ལས་ལྡོག་སྟེ། བཟའ་བཏུང་བསྟེན་པའི་དུས་དང་ཚད་ལུགས་དང་མི་མཐུན་པར་གྱུར་ན་ནི་བདེ་ཐང་ལ་གནོད་དེ། ཀྲུང་ལུགས་གསོ་རིག་གི་གཞུང《མན་ངག་སྟོང་ཐུན》ཞེས་པར“ནུབ་ལ་ཟས་ཀྱིས་རྒྱགས་པར་བྱེད་པ་ནི་ཉིན་གཅིག་གི་འཛེམ་བྱའོ”ཞེས་པ་བཞིན། དགོང་མོར་ཟས་མང་པོ་བསྟེན་མི་རུང་བ་ནན་གྱིས་བསྟན་ཡོད། གཞན་དུ“མཚན་ལ་རྒྱགས་ཆེ་ན་ཉིན་གཅིག་གི་ཚེ་འཛད་དོ”ཞེས་ཀྱང་བརྗོད་དེ། དགོང་ཟས་བསྟེན་ཆེ་ན་ལུས་ལ་གནོད་ཚུལ་བསྟན།

“སྣོད་བཅུད་གཅིག་འབྲེལ”གྱི་བསམ་བློ་ལྟར་ན། ཕྱིའི་འབྱུང་བ་དང་ལུས་ཀྱི་ཉེས་པ་གཉིས་ཀྱི་འགྱུར་ལུགས་ནི་གཅིག་ལ་གཅིག་བརྟེན་ཡིན། མཚན་མོར་ལུས་ཀྱི་དོན་སྣོད་དབང་བོ་རྣམས་ངལ་གསོ་བའི་དུས་ཡིན་པས། འགུལ་སྐྱོད་ཉུང་ལ་སྟོབས་ཞན་པས། ཟས་ཀྱི་འཇུ་ལེན་ཡང་དཀའ། དེ་བས་མཚན་ཟས་རྒྱུན་དུ་བསྟེན་ན་ལུས་པོའི་སྐྱེ་ལུགས་ཀྱི་གོ་རིམ་འཁྲུགས་པར་གྱུར་ཏེ། ཕོ་འཚེར་སོགས་ཀྱི་བྱེད་ལས་ལ་གནོད་ཅིང་ཕོ་བ་སྦོ་བ་དང་སྐྱུགས་མེར་ལངས་པ་སོགས་འཇུ་ལམ་མི་བདེ་བའི་ནད་རྟགས་འབྱུང་བ་ཡིན།

དུས་མཚུངས་སུ། རྒྱུན་པར་མཚན་ཟས་བསྟེན་ན་ཕོ་འཚེར་གྱི་བྱེད་ལས་ཉམས་ཏེ་དྭངས་སྙིགས་མི་འབྱེད་པས། ལུས་ལ་ཚོ་རྒྱས་ཤིང་ཁྲག་ཚིལ་རྒྱུན་ལྡན་མིན་པ་སོགས་ཀྱི་གནད་དོན་འབྱུང་བ་ཡིན། ཞིབ་འཇུག་ལས་ཤེས་པ་ལྟར་ན། རྒུན་འབྲུམ་མངར་ཆའི་དྭངས་སྙིགས་འབྱེད་ཚུལ་ནི་ཉིན་མཚན་གྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ཞིག་སྟེ། ནུབ་ཟས་བསྟེན་རྗེས་ཀྱི་རྒུན་འབྲུམ་མངར་ཆའི་ལྡིང་ཚད་ནི་ཞོགས་ཟས་བསྟེན་རྗེས་ལས་མཐོ་བ་ཡིན། དེ་བས། ནུབ་ཟས་ཟས་ཚོད་རན་པར་བསྟེན་པ་དང་མཚན་ཟས་བསྟེན་ཚད་ཇེ་ཉུང་དུ་གཏོང་བ་ནི་ཁོང་ནད་སྣ་ཚོགས་སྔོན་འགོག་བྱེད་པར་ཕན་པའི་ཐབས་ཤིག་གོ །

གཞན་དུ་ཀྲུང་ལུགས་གསོ་རིག་གི་གཞུང་དུ“ཕོ་བ་མ་བདེ་ན་གཉིད་མི་བདེ”ཞེས་བསྟན་པ་བཞིན། མཚན་ཟས་བསྟེན་མ་ཉིད་དུ་ཉལ་བ་ཡིན་ན་གཉིད་བདེ་མོ་ཁུག་དཀའ་བར་མ་ཟད།  ད་དུང་ཕོ་བའི་མྱག་བྱེད་ཀྱི་ནུས་པ་ཞན་པས། ཟས་སྙིགས་ཕོ་རྒྱུ་ལས་འགག་ཅིང་རླུང་ཁྲག་གི་རྒྱུ་བ་མི་སྙོམས་པར་བྱས་ཏེ། བྱང་ཁོག་ལ་སྐྲངས་འབུར་སོགས་འབྱུང་བ་ཡིན།

དེ་བས། ཉིན་རེའི་ནུབ་ཟས་བསྟེན་ཚད་དང་ཉལ་དུས་ཀྱི་དུས་ཚོད་ལ་ངེས་པར་མཉམ་འཇོག་བྱེད་དགོས། གལ་ཏེ་དགོང་མོར་ལྟོགས་སྣང་བྱུང་ནའང་འཇུ་སླ་ཞིང་དྲོད་བཅུད་ཉུང་བའི་སྐྱ་ཟས་ཀྱི་རིགས་བསྟེན་དགོས། ཟས་རྗེས་སུའང་ལྟོ་བ་བྱུགས་པ་དང་རྐང་ཐང་དུ་འགྲོ་བ་སོགས་འཇུ་ལེན་ལ་ཕན་པའི་སྤྱོད་ལམ་འབའ་ཞིག་བསྟེན་རིགས། །

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།