བང་ནང་དུ་བང་མས་གཙང་སྦྲ་ལ་དོ་སྣང་བཟང་བོ་བྱེད་དགོས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན།

 བྱིས་པ་བཙས་པའི་རྗེས་སུ། བང་མ་རྣམས་ཀྱིས་རྒྱུན་ལྡན་དང་འདྲ་བར་སོ་བཀྲུ་བ་དང་ངོ་བཀྲུ་བ། རྐང་བ་བཀྲུ་བ། སྐྲ་ཤད་པ།  ཟ་མ་མ་ཟས་པའི་སྔོན་དང་ནུ་ཞོ་མ་བསྣུན་པའི་སྔོན་ལ་ལག་པ་བཀྲུ་བ་སོགས་བྱེད་དགོས།   རྔུལ་ཆུ་མང་ན་རྒྱུན་དུ་ལུས་པོ་བཀྲུ་བ་དང་གོན་པ་བརྗེ་དགོས།   བཙས་གཞུག་ཏུ་སྐྱེ་ལམ་ལས་སྙིགས་ཁུ་འབུད་པས་སྐྱེ་ལམ་གྱི་གཙང་སྦྲ་ལ་ཡིད་འཇོག་བྱེད་དགོས།   ཉིན་རེར་ཆུ་དྲོད་འཇམ་གྱིས་མཚན་ཁ་བཀྲུ་བ་དང་རྒྱུན་པར་རྐང་ཐུང་བརྗེ་དགོས།   བཤང་གཅིན་ཕུད་རྗེས་ཤོག་བུ་གཙང་མས་སྔོན་ནས་ཕྱི་ལ་ཕྱི་བ་ལས་ཕྱི་ནས་སྔོན་དུ་ཕྱི་མི་རུང་།   དེ་ལྟར་བྱས་ན་བཤང་སྒོའི་ཉེ་འཁོར་གྱི་ཕྲ་ཕུང་གིས་སྐྱེ་ལམ་ལ་གནོད་པ་བཟོ་མི་ཐུབ།    གཞན་ད་རུང་བང་ནང་དུ་ལུས་པོ་བཀྲུ་ཐབས་དང་སོ་བཀྲུ་ཐབས་རན་པ་ཡིན་དགོས།

བཙས་གཞུག་ཏུ་བང་མར་རྔུལ་ཆུ་འབུད་སླ་བ་དང་ལྷག་པར་དུ་གཉིད་སྐབས་དང་གཉིད་ལས་སད་དུས་གོན་པ་རྔུལ་ཆུས་བརྗུས་ཡོད།   རྔུལ་ཆུ་མང་དྲགས་པས་སྐྱི་པགས་ལ་གནོད་པ་ཐེབས་སླ་བ་དང་དེའི་ཁར་བང་མའི་ནད་འགོག་ནུས་པ་ཅུང་ཞན་པ་དང་སྐྱི་པགས་སྟེང་འབྱར་བའི་ཕྲ་སྲིན་སྐྱེ་འཕེལ་སླ་བས་སྐྱི་པགས་ཚ་ནད་འབྱུང་སྲིད།   དེའི་རྐྱེན་གྱིས་རྒྱུན་དུ་ལུས་པོ་བཀྲུ་བ་སོགས་བྱས་ཏེ་སྐྱི་པགས་རྒྱུན་པར་གཙང་མ་བྱེད་དགོས།  དེས་ན། བཙས་གཞུག་ཏུ་བང་མས་ལུས་ཕུང་ཇི་ལྟར་བཀྲུ་དགོས་སམ།   བང་ནང་དུ་ལུས་པོ་བཀྲུ་ན་གཤམ་གྱི་གནད་དོན་འགའ་ལ་མཉམ་འཇོག་བྱེད་དགོས།

གཅིག   བཙས་གཞུག་ཏུ་བུ་སྣོད་ཀྱི་ཁ་ཕྱེ་ཡོད་པས་ཆུ་སྙིགས་བུ་སྣོད་དུ་སོང་ནས་རེད་པ་འབྱུང་སྲིད་པས། ཟླ་གཅིག་གི་རིང་ལ་ཁྲུས་གཞོང་དུ་བཀྲུ་མི་རུང་།   གཉིས།  ལུས་པོ་བཀྲུ་སྐབས་དུས་ཚོད་རིང་མི་རུང་ལ་ཆུའི་དྲོད་ཚད་ཀྱང་མཐོ་མི་རུང་།  ཐེངས་རེར་བཀྲུ་ཡུན་དུས་ཚོད་སྐར་མ་བཅུ་ནས་སྐར་མ་བཅོ་ལྔའི་བར་དང་ཆུའི་དྲོད་ཚད་ཏུའུ་སོ་བརྒྱད་ནས་ཏུའུ་བཞི་བཅུའི་བར་ནི་ཚད་དང་རན་པ་ཡིན་ལ།   ཁྲུས་ཁང་ནང་གི་དྲོད་གྲང་ཏུའུ་ཉི་ཤུ་ལས་དམའ་མི་རུང་།   སྤྱིར་བཏང་དུ།   བཙས་གཞུག་གི་དུས་ཚོད་ཉེར་བཞིའི་རྗེས་སུ་ལུས་པོ་བཀྲུ་ཆོག་པ་དང་།  ཉིན་གཅིག་ནས་ཉིན་ལྔའི་ནང་བཀྲུས་ཀྱང་ཆོག   བདུན་ཕྲག་རེར་ཉུང་མཐར་ཡང་ཐེངས་གཉིས་ནས་གསུམ་བཀྲུ་དགོས།  ལུས་པོ་བཀྲུ་ཐེངས་དེ་དུས་ཚིགས་ལྟར་བཀོད་སྒྲིག་བྱས་ཆོག

གསུམ།   སྐྱེ་ལམ་གྱི་ཁ་སེར་ཁ་གས་པ་དང་ཡང་ན་རྨ་ཁ་སོས་མེད་ན་ལུས་པོ་བཀྲུ་མི་རུང་བར་ཆུ་དྲོད་འཇམ་བཀོལ་ནས་གཙང་སྦྲ་བྱེད་དགོས།   སྲོལ་རྒྱུན་གྱི་གོམས་གཤིས་ལྟར་ན།   བང་མས་ལུས་པོ་བཀྲུ་མི་རུང་ལ།   ནམ་ཟླ་དྲོད་རུང་འཁྱག་རུང་ལྭ་བ་མཐུག་པོ་གོན་པ་དང་མགོ་ལ་ཞྭ་གོན་དགོས་པས།   བང་ནང་དུ་བང་མ་མི་ཉུང་བ་ཞིག་གི་ལུས་ཧྲིལ་བོར་རྨ་ཡིས་བཀང་ཡོད།  བང་ནང་དུ་ལུས་པོ་བཀྲུས་ན་བང་མའི་བདེ་ཐང་ལ་གནོད་པ་མེད་པར་མ་ཟད།   བང་མའི་ངལ་དུབ་སེལ་བ་དང་སེམས་ཁམས་བདེ་ལ་བབས་ཏེ་ལུས་ཁམས་སྔ་མོ་ནས་སོས་པར་ཕན་པ་ལྡན།

མངལ་སྦྲུམ་རྗེས། ནང་གི་ཟགས་ཐོན་མ་ལག་ལ་འགྱུར་ལྡོག་བྱུང་བའི་དབང་གིས་རྒྱུན་ལྡན་གྱི་སོ་སྙིལ་སྐྲངས་པ་དང་ཁྲག་བརྡོལ་བ་དེ་ལ་སྨན་གཞུང་དུ་མངལ་སྦྲུམ་པའི་སྐབས་ཀྱི་སོ་སྙིལ་གཉན་ཚད་ཟེར།    བང་མ་བང་དུ་འདུག་སྐབས།  ཟ་མ་མང་པོ་ཟ་བ་དང་ལྷག་པར་དུ་མངར་ཟས་ཟ་ཚད་ཉིན་རྒྱུན་ལས་མང་ལ། དེ་མིན།  ཉིན་རེར་ཟས་ཐུན་གསུམ་ལས་མང་བ་ཟ་བཞིན་ཡོད།   དེ་ལྟར་བྱས་ན་ཟ་མ་སོ་བར་དང་ཁ་ནང་དུ་ལུས་པའི་གོ་སྐབས་ཇེ་མང་དུ་སོང་ནས་དེ་ལས་བྱུང་བའི་ཕྲ་སྲིན་ཡང་དེ་བསྟུན་གྱིས་ཇེ་མང་དུ་སོང་བ་རེད།  དེ་བས་བང་མས་སོ་བཀྲུ་དགོས་པར་མ་ཟད།   སོ་བཀྲུ་ཐེངས་རེར་སྐར་མ་གསུམ་ལ་བཀྲུ་དགོས།   ཡིན་ཡང་མཉམ་འཇོག་པ་ཞིག་ལ།  བང་མས་སོ་བཀྲུ་སྐབས་ཆུ་དྲོད་འཇམ་གྱིས་བཀྲུ་བ་ལས་ཆུ་འཁྱག་གིས་བཀྲུ་མི་རུང་།

གོང་གི་ཤེས་བྱ་འདི《བང་མའི་བདེ་སྲུང་ཤེས་བྱ》ལས་བདམས་པ་ཡིན།

རྩོམ་སྒྲིག་པ། ཁོན་ཐར་འཚོ།