གྱོད་དཔེ།
སྒྲོལ་འབུམ་ལ་ཉིན་གང་བོར་ཁྱིམ་ལས་ཅི་ཡང་ལས་རྒྱུ་མེད་པས། དོག་ཅིང་ཀྱག་ཀྱོག་གི་ལམ་ཕྲན་ཆུང་ངུ་དེ་བརྒྱུད་ནས་ཁྱིམ་མཚེས་ཚང་ལ་རུ་ཉུལ་དུ་འགྲོ་དུས། རྡོར་བྷ་ཚང་གི་མཁར་སྟེང་དུ་རྫ་བུམ་ལྷུང་སྟེ་མགོར་བརྒྱབ་ནས་རྨས་སྐྱོན་བཟོས་པར། མར་ནང་ཁྱིམ་མཚེས་གཅོད་པས་མཐོང་སྟེ་སྒྲོལ་འབུམ་མྱུར་དུ་སྡེ་བའི་འཕྲོད་བསྟེན་ཁང་ལ་སྨན་བཅོས་བྱེད་དུ་ཁྲིད། ཕྱིས་སུ་སྒྲོལ་འབུམ་དང་ཁོའི་ཁྱིམ་མིས་རྡོར་བྷ་ཚང་ལ་དོན་རྐྱེན་འདིར་འགན་འཁུར་དགོས་པའི་རེ་བ་བཏོན་པ་ན། རྡོར་བྷས་རྫ་བུམ་ལྷུང་སྟེ་སྒྲོལ་འབུམ་ལ་རྨས་སྐྱོན་བཟོས་པ་ནི་རང་ཉིད་ཀྱིས་བསམ་གཟས་ནས་བྱས་པ་མིན་པས། རང་ཉིད་ལ་འགན་འཁྲི་འཁུར་བའི་འོས་འགན་མེད་པར་སྙམ།
བཅའ་ཁྲིམས་དབྱེ་ཞིབ།
གྱོད་དོན་འདི་ནི་རྫ་བུམ་མཁར་སྟེང་ནས་ལྷུང་སྟེ་ལམ་འགྲོ་བར་རྨས་སྐྱོན་ཕོག་པ་དང་། རྫ་བུམ་གྱི་བདག་པོ་སྟེ་རྡོར་བྷས་ལམ་འགྲོ་བའི་གྱོང་གུད་ལ་སྐྱིན་ཚབ་གཞལ་དགོས་མིན་གྱི་གནད་དོན་དང་འབྲེལ་བ་ཡོད། རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1253པའི་གཏན་འཁེལ་ལྟར་ན། “འཛུགས་སྐྲུན་དངོས་པོ་དང་བཟོ་བཀོད་དངོས་པོའམ་སྒྲིག་ཆས་གཞན་དག་དང་དེའི་ཟུར་འཇོག་དངོས་པོ། དཔྱངས་དངོས་བཅས་ལྷུང་སྟེ་མི་གཞན་ལ་གནོད་འཚེ་བཟོས་ན། བདག་པོ་དང་དོ་དམ་མཁན་ནམ་བེད་སྤྱོད་མཁན་གྱིས་རང་ཉིད་ལ་ནོར་འཛོལ་མེད་པའི་ར་སྤྲོད་བྱེད་མི་ཐུབ་ན། ཁེ་དབང་ལ་གནོད་འཚེ་བཏང་བའི་འགན་འཁྲི་འཁུར་དགོས། བདག་པོ་དང་དོ་དམ་མཁན་ནམ་བེད་སྤྱོད་མཁན་བཅས་ཀྱིས་སྐྱིན་ཚབ་འཇལ་རྗེས། འགན་འཁྲི་འཁུར་མཁན་གཞན་དག་ཡོད་ན།འགན་འཁྲི་འཁུར་མཁན་གཞན་དག་ལ་སྐྱིན་ཚབ་བདའ་འདེད་བྱེད་དབང་ཡོད”ཅེས་བཀོད་ཡོད།
གྱོད་དོན་འདིར། སྒྲོལ་འབུམ་ལ་རྫ་བུམ་ལྷུང་སྟེ་རྨས་སྐྱོན་ཕོག་པ་དེ་ནི། ཁོ་ལ་མཚོན་ན་གློ་བུར་དུ་བྱུང་བའི་ཆག་སྒོ་ཞིག་རེད། རྡོར་བྷས་སྒྲོལ་འབུམ་ལ་སྐྱིན་ཚབ་གཞལ་རྒྱུ་དང་ལེན་མི་བྱེད་པའི་རྒྱུ་མཚན་ནི། རྫ་བུམ་ལྷུང་བ་ནི་ཁོས་བསམ་གཟས་ཏེ་བྱས་པའི་ལས་མིན་པར་འདོད།གལ་ཏེ་རྡོར་བྷས་རང་ཉིད་ལ་ནོར་འཁྲུལ་མེད་པ་ར་སྤྲོད་བྱེད་ཐུབ་ན། འགན་འཁྲི་མེད་པར་བཟོས་ཆོག ཡིན་ན་ཡང་གྱོད་དོན་འདིའི་ཁྲོད་དུ། རྡོར་བྷས་རང་ཉིད་ལ་ནོར་འཁྲུལ་མེད་པ་ར་སྤྲོད་བྱེད་མི་ཐུབ་ལ་རྫ་བུམ་ལྷུང་བ་ནི་ཕྱི་རོལ་གྱི་རྐྱེན་ཅི་ཞིག་གིས་བཟོས་པ་ར་སྤྲོད་ཀྱང་བྱེད་མི་ཐུབ་པར་བརྟེན། བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་རྡོར་བྷས་རང་གི་མཁར་སྟེང་ནས་རྫ་བུམ་ལྷུང་སྟེ་མི་གཞན་ལ་གནོད་འཚེ་བཟོས་པར་སྐྱིན་ཚབ་གཞལ་འགན་འཁུར་དགོས།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།