ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས།

ཡོང་ཁུངས། མཚོ་སྔོན་པོ་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས།

(1991ལོའི་ཟླ9བའི་ཚེས4ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགསཐེངས21པའི་སྟེང་གྲོས་འཆམ་བྱས་ནས། 1991ལོའི་ཟླ9པའི་ཚེས4ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་ཨང50པ་ཡོངས་བསྒྲགས་བྱས། 2006ལོའི་ཟླ12པའི་ཚེས29ཉིན་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས25ཐོག་དག་བཅོས་ཐོག་མ་བྱས་ནས་གྲོས་འཆམ་བྱུང་བ་དང༌། 2006ལོའི་ཟླ12པའི་ཚེས29ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་ཨང60པ་ཡོངས་བསྒྲགས་བྱས་པ། 2012ལོའི་ཟླ10པའི་ཚེས26ཉིན་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས29སྟེང་གྲོས་འཆམ་བྱས་པ་ལྟར། 2012ལོའི་ཟླ10པའི་ཚེས26ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་ཨང65པ་ཡོངས་བསྒྲགས་བྱས་པ། 2013ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པའི«རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ཨུ་ལྷན་ཁང་གིསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམསབཟོ་བཅོས་བྱས་ནས་གཏན་ཁེལ་བྱས་པ»ཐེངས2པ་བཟོ་བཅོས་བྱས་པ)

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་བྱེད་པ་དང་། ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ། ནར་མ་སོན་པའི་མིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ་སོགས་སྒོ་ཀུན་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏང་སྟེ། ཕུགས་བསམ་དང་། ཀུན་སྤྱོད། རིག་གནས། སྒྲིག་ལམ་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་ཆེད། རྩ་ཁྲིམས་གཞིར་བཟུང་བཅའ་ཁྲིམས་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། བཅའ་ཁྲིམས་འདིར་བརྗོད་པའི་ནར་མ་སོན་པའི་མི་ནི་ལོ་ན་བཅོ་བརྒྱད་ཧྲིལ་པོ་མ་སོན་པའི་སྤྱི་འབངས་ལ་གོ།
  དོན་ཚན་གསུམ་པ། ནར་མ་སོན་པའི་མི་ལ་འཚོ་གནས་བྱེད་དབང་དང་། འཕེལ་རྒྱས་གཏོང་དབང་། སྲུང་སྐྱོང་ཐོབ་དབང་། ཞུགས་དབང་སོགས་ཀྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། རྒྱལ་ཁབ་ཀྱིས་ནར་མ་སོན་པའི་མི་ལ་ལུས་སེམས་འཕེལ་བའི་ཁྱད་ཆོས་གཞིར་བཟུང་ནས་དམིགས་བསལ་དང་སྔོན་ཐོབ་ཀྱིས་སྲུང་སྐྱོང་བྱས་ནས་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་མ་ཕོག་པའི་འགན་སྲུང་བྱ་རྒྱུ།  ནར་མ་སོན་པའི་མི་ལ་སློབ་གསོ་ཐོབ་དབང་ཡོད་པ་དང་། རྒྱལ་ཁབ་དང་སྤྱི་ཚོགས། སློབ་གྲྭ་དང་ཁྱིམ་ཚང་བཅས་ཀྱིས་ནར་མ་སོན་པའི་མིའི་སློབ་གསོ་ཐོབ་དབང་ལ་བརྩི་འཇོག་དང་འགན་སྲུང་བྱ་དགོས། ནར་མ་སོན་པའི་མི་ལ་ཕོ་མོའི་དབྱེ་བ་དང་། མི་རིགས། རིགས་རྒྱུད། ཁྱིམ་ཚང་གི་རྒྱུ་ནོར་མང་ཉུང་། ཆོས་ལུགས་ཀྱི་དད་པ་སོགས་མི་དབྱེ་བར་ཚང་མར་བཅའ་ཁྲིམས་ལྟར་འདྲ་མཉམ་གྱི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད།
  དོན་ཚན་བཞི་པ། རྒྱལ་ཁབ་དང་སྤྱི་ཚོགས། སློབ་གྲྭ། ཁྱིམ་ཚང་བཅས་ནས་ ནར་མ་སོན་པའི་མི་ལ་ཕུགས་བསམ་སྐོར་གྱི་སློབ་གསོ་དང་། ཀུན་སྤྱོད་སྐོར་གྱི་སློབ་གསོ། རིག་གནས་སྐོར་གྱི་སློབ་གསོ། སྒྲིག་ཁྲིམས་དང་ཁྲིམས་ལུགས་སྐོར་གྱི་སློབ་གསོ་བཅས་རྒྱག་རྒྱུ་དང་། རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས་སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་རྒྱག་རྒྱུ། མེས་རྒྱལ་ལ་དགའ་ཞེན་དང་། མི་དམངས་ལ་དགའ་ཞེན། ངལ་རྩོལ་ལ་དགའ་ཞེན། ཚན་རིག་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་ཞེན་བྱེད་པའི་སྤྱི་པའི་སྤྱོད་བཟང་དར་སྤེལ་བྱས་ནས་མ་རྩའི་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། རུལ་སུངས་སུ་གྱུར་པའི་བསམ་བློ་གཞན་དག་བཅས་ཀྱི་རུལ་བསླད་གཏོང་བར་ངོ་རྒོལ་བྱ་རྒྱུ།
  དོན་ཚན་ལྔ་པ། ནར་མ་སོན་པའི་མི་ལ་སྲུང་སྐྱོང་བྱ་རྒྱུའི་ལས་ཀར་གཤམ་གསལ་གྱི་རྩ་དོན་བརྩི་སྲུང་བྱ་དགོས་པ་སྟེ།
    (གཅིག) ནར་མ་སོན་པའི་མིའི་ངོ་དང་ལ་རྒྱར་བརྩི་འཇོག་བྱེད་དགོས་པ་དང་། 
    (གཉིས) ནར་མ་སོན་པའི་མིའི་ལུས་སེམས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་དང་ཁྱད་ཆོས་མཐུན་ཐབས་བྱེད་དགོས།    
   (གསུམ) སློབ་གསོ་གཏོང་རྒྱུ་དང་སྲུང་སྐྱོང་བྱ་རྒྱུ་གཉིས་ཟུང་འབྲེལ་བྱེད་དགོས་པ་བཅས་ཡིན།

དོན་ཚན་དྲུག་པ། ནར་མ་སོན་པའི་མི་ལ་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་གཞུང་གི་ལས་ཁུངས་དང་། དྲག་པོའི་སྟོབས་ཤུགས། སྲིད་ཏང་། སྤྱི་ཚོགས་ཀྱི་ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་རང་བཞིན་ལྡན་པའི་གཞི་རིམ་རང་སྐྱོང་རྩ་འཛུགས། ནར་མ་སོན་པའི་མིའི་ལྟ་སྐྱོང་བྱེད་མི་དང་སྤྱི་འབངས་དར་མ་གཞན་དག་བཅས་ཚང་མའི་ཐུན་མོང་གི་འགན་འཁྲི་ཡིན།       ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད་སྤེལ་བར་རྩ་འཛུགས་དང་མི་སུ་ལའང་བཀག་སྡོམ་བསླབ་བྱ་དང་། བཀག་འགོག་བྱ་རྒྱུའམ་ཡང་ན་འབྱེལ་ཡོད་སྡེ་ཁག་ལ་ཉེས་འདོན་ནམ་ཞུ་གཏུག་བྱེད་དབང་ཡོད།       ནར་མ་སོན་པའི་མིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་། རང་ཉིད་ལ་སྲུང་སྐྱོང་གི་འདུ་ཤེས་དང་སྲུང་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བར་རྒྱལ་ཁབ་གཞུང་དང་། སྤྱི་ཚོགས། སློབ་གྲྭ། ཁྱིམ་ཚང་བཅས་ནས་སློབ་གསོ་དང་རོགས་རམ་བྱེད་དགོས།
  དོན་ཚན་བདུན་པ། ཀྲུང་དབྱང་དང་ས་གནས་རིམ་པ་ཁག་གི་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱིས་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ནར་མ་སོན་པའི་མི་ལ་སྲུང་སྐྱོང་བྱེད་པའི་ལས་ཀ་ལེགས་པར་སྒྲུབ་དགོས།       རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཚན་ལ་འགོ་ཁྲིད་བྱས་ནས་ནར་མ་སོན་པའི་མི་ལ་སྲུང་སྐྱོང་བྱེད་པའི་ལས་ཀ་ལེགས་པར་སྒྲུབ་དགོས་པ་དང་། ནར་མ་སོན་པའི་མི་ལ་སྲུང་སྐྱོང་བྱེད་རྒྱུའི་ལས་ཀ་དེ་རྒྱལ་འབངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་འགོད་དང་དེ་བཞིན་ལོ་འཁོར་མོའི་འཆར་གཞིའི་ནང་འཇུག་དགོས་པ་དང་། འབྲེལ་ཡོད་འགྲོ་གྲོན་རྣམས་རིམ་པ་དེ་གའི་སྲིད་གཞུང་གི་སྔོན་རྩིས་ནང་འཇུག་དགོས།       རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རྩ་འཛུགས་ཐད་ཀྱི་བྱེད་ཐབས་སྤྱད་དེ་འབྲེལ་ཡོད་སྡེ་ཁག་མཐུན་སྦྱོར་གྱིས་ནར་མ་སོན་པའི་མི་ལ་སྲུང་སྐྱོང་བྱེད་པའི་ལས་ཀ་ལེགས་པར་སྒྲུབ་དགོས། སྒྲིག་གཞི་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཆེན། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱ་རྒྱུ།

དོན་ཚན་བརྒྱད་པ། གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོགས། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས། སློབ་མ་མཉམ་འབྲེལ་ལྷན་ཚོགས། ལོ་ཆུང་གདོང་ལེན་རུ་ཁག་བཅས་དང་དེ་བཞིན་འབྲེལ་ཡོད་སྤྱི་ཚོགས་ཀྱི་ཚོགས་པ་གཞན་དག་བཅས་ཀྱིས་མི་དམངས་སྲིད་གཞུང་རིམ་པ་ཁག་ལ་གཞོགས་འདེགས་བྱས་ནས་ནར་མ་སོན་པའི་མི་ལ་སྲུང་སྐྱོང་བྱེད་པའི་ལས་ཀ་ལེགས་པར་སྒྲུབ་དགོས་པ་དང་། ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས།དོན་ཚན་དགུ་པ། མི་དམངས་སྲིད་གཞུང་རིམ་པ་ཁག་ང་འབྲེལ་ཡོད་སྡེ་ཁག་གིས་ནར་མ་སོན་པའི་མི་ལ་སྲུང་སྐྱོང་བྱེད་པའི་ཐད་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་རྩ་འཛུགས་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།

ལེའུ་གཉིས་པ། ཁྱིམ་ཚང་གིས་སྲུང་སྐྱོང་བྱེད་ཕྱོགས་སྐོར།

དོན་ཚན་བཅུ་པ། ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་དག་གིས་ཁྱིམ་ཚང་གི་ཁོར་ཡུག་བཟང་པོ་དང་འཆམ་མཐུན་ཞིག་བསྐྲུན་ནས་བཅའ་ཁྲིམས་ལྟར་ནར་མ་སོན་པའི་མིར་ལྟ་སྐྱོང་བྱ་རྒྱུའི་འགན་འཁྲི་དང་གསོ་སྐྱོང་བྱ་རྒྱུའི་འོས་འགན་བསྒྲུབ་དགོས།       ནར་མ་སོན་པའི་མིར་ཁྱིམ་ཚང་གི་དྲག་ཤུགས་སྤྱོད་རིགས་གཏན་འགོག་བྱ་དགོས་པ་དང་དམར་འབྱར་གདུག་གསོད་ཀྱི་བྱ་སྤྱོད་སྤེལ་རིགས་གཞན་དག་གཏན་འགོག་བྱ་དགོས་ཤིང་། ནར་མ་སོན་པའི་བུ་མོའམ་དབང་བོ་སྐྱོན་ཅན་ལ་མཐོང་ཆུང་བྱས་མི་ཆོག
  དོན་ཚན་བཅུ་གཅིག་པ། ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་དག་གིས་ནར་མ་སོན་པའི་མིའི་ལུས་ཁམས་དང་སེམས་ཁམས་ཀྱི་གནས་ཚུལ་དང་བྱ་སྤྱོད་སྤེལ་བའི་གོམས་གཤིས་ལ་དོ་སྣང་བྱ་དགོས་ཤིང་། སྐྱོན་དང་བྲལ་བའི་བསམ་བློ་དང་ཀུན་སྤྱོད་བཟང་པོར་བརྟེན་པ་དང་། འོས་ཤིང་འཚམས་པའི་བྱེད་ཐབས་སྤྱད་དེ་ནར་མ་སོན་པའི་མིར་སློབ་གསོ་གཏོང་བ་དང་ཤུགས་རྐྱེན་ཐེབས་པ་བྱ་དགོས་པ་དང་། ནར་མ་སོན་པའི་མིར་སྣེ་ཁྲིད་བྱས་ཏེ་ལུས་སེམས་གཉིས་བདེ་ཡོང་བར་ཕན་པའི་བྱེད་སྒོ་སྤེལ་དགོས་ཤིང་། ནར་མ་སོན་པའི་མིར་སྣེ་ཁྲིད་བྱས་ཏེ་ལུས་སེམས་གཉིས་བདེ་ཡོང་བར་ཕན་པའི་བྱེད་སྒོ་སྤེལ་དགོས་ཤིང་། ནར་མ་སོན་པའི་མི་ཚོས་ཐ་མག་འཐེན་པ་དང་། ཆང་རག་སྤྱོད་པ། གང་སར་འཁྱམས་པ། རྒྱུན་དུ་དྲ་འཇུག་ལ་སེམས་ཆགས་པ་དང་ད་དུང་རྒྱན་འགྱེད་པ་དང་། དུག་འཐེན་པ། སྨད་འཚོང་བ་སོགས་ཀྱི་བྱ་སྤྱོད་སྤེལ་བར་སྔོན་འགོག་དང་བཀག་འགོག་བྱ་དགོས། 
  དོན་ཚན་བཅུ་གཉིས་པ། ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་དག་གིས་ཁྱིམ་ཚང་གི་སློབ་གསོའི་ཤེས་བྱ་སློབ་སྦྱོང་བྱེད་དགོས་པ་དང་། ལྟ་སྐྱོང་བྱ་རྒྱུའི་འགན་འཁྲི་ཡང་དག་པར་བསྒྲུབ་དགོས་པ། ནར་མ་སོན་པའི་མི་གསོ་སྐྱོང་དང་དེར་སློབ་གསོ་རྒྱག་དགོས།       རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་དང་སྤྱི་ཚོགས་ཀྱི་རྩ་འཛུགས་ཀྱིས་ལོ་ན་མ་སོན་པའི་མིའི་ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་དག་ལ་ཁྱིམ་ཚང་གི་སློབ་གསོའི་ཁྲིད་སྟོན་བྱེད་དགོས།
  དོན་ཚན་བཅུ་གསུམ་པ། ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་དག་གིས་ནར་མ་སོན་པའི་མིས་སློབ་གསོ་དང་ལེན་བྱེད་པའི་དབང་ཆར་བརྩི་འཇོག་བྱ་དགོས་ཤིང་། ངེས་པར་ལོ་ཚད་ལོངས་པའི་ནར་མ་སོན་པའི་མིར་ཁྲིམས་ལྟར་སློབ་གྲྭར་ཞུགས་ནས་འོས་འགན་སློབ་གསོ་དང་ལེན་བྱེད་དུ་འཇུག་དགོས་པ་མ་ཟད། ལེགས་འགྲུབ་ཀྱང་བྱ་དགོས་པ་ལས་འོས་འགན་སློབ་གསོ་དང་ལེན་བྱེད་པའི་ནར་མ་སོན་པའི་མིར་སློབ་མཚམས་འཇོག་ཏུ་བཅུག་མི་ཆོག
  དོན་ཚན་བཅུ་བཞི་པ། ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་དག་གིས་ནར་མ་སོན་པའི་མིའི་ལོ་ཚད་དང་རིག་སྟོབས་འཕེལ་ཚུལ་ལ་གཞིགས་ནས་ནར་མ་སོན་པའི་མིའི་ཁེ་དབང་དང་འབྲེལ་བ་ཡོད་པའི་ཆོད་དོན་འཇོག་སྐབས་མི་དེ་རང་ལ་བརྡ་ལན་སྤྲོད་དགོས་པ་མ་ཟད་ཁོང་ཚོའི་བསམ་འཆར་ཉན་འཇོག་བྱེད་དགོས།
  དོན་ཚན་བཅོ་ལྔ་པ། ཕ་མའམ་ལྟ་སྐྱོང་བྱེད་པའི་མི་གཞན་གིས་ནར་མ་སོན་པའི་མིར་གཉེན་སྒྲིག་བྱེད་དུ་བཅུག་པའམ་ཡང་ན་བཙན་ཤེད་ཀྱིས་གཉེན་སྒྲིག་གི་ཁ་དན་བཞག་མི་ཆོག་ཅིང་། ནར་མ་སོན་མིའི་ཚབ་ཏུ་གཉེན་སྒྲིག་གི་ཁ་དན་ཡང་བཞག་མི་ཆོག
  དོན་ཚན་བཅུ་དྲུག་པ། ཕ་མ་ཕྱི་ཕྱོགས་ལ་ལས་ཀ་བྱེད་པར་བསྐྱོད་པའམ་ཡང་ན་རྒྱུ་རྐྱེན་གཞན་དག་གི་དབང་གིས་ནར་མ་སོན་པའི་མིར་ལྟ་སྐྱོང་བྱེད་རྒྱུའི་འགན་འཁྲི་བསྒྲུབ་མི་ཐུབ་པའི་རིགས་ཀྱིས་ལྟ་སྐྱོང་བྱེད་ནུས་ཡོད་པའི་དར་མ་གཞན་དག་གིས་ཚབ་ཏུ་ལྟ་སྐྱོང་བྱ་རྒྱུའི་མངགས་བཅོལ་བྱ་དགོས།

ལེའུ་གསུམ་པ། སློབ་གྲྭས་སྲུང་སྐྱོང་བྱེད་ཕྱོགས་སྐོར།

དོན་ཚན་བཅུ་བདུན་པ། སློབ་གྲྭས་རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་ལེན་དོན་འཁྱོལ་བྱས་ཏེ་བྱང་ཚད་སློབ་གསོ་ལག་བསྟར་དང་། སློབ་གསོའི་སྤུས་ཚད་གོང་མཐོར་གཏོང་བ། ནར་མ་སོན་པའི་སློབ་མའི་རང་ཚུགས་ཀྱི་བསམ་གཞིགས་བྱེད་ནུས་དང་། གསར་སྐྲུན་བྱེད་ནུས། ལག་ལེན་བསྟར་ནུས་བཅས་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱས་ཏེ། ནར་མ་སོན་པའི་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱེད་དགོས།
  དོན་ཚན་བཅོ་བརྒྱད་པ། སློབ་གྲྭས་ནར་མ་སོན་པའི་སློབ་མའི་སློབ་གསོ་ཐོབ་དབང་ལ་བརྩི་འཇོག་བྱེད་དགོས་པ་དང་། སློབ་མར་སེམས་ཁུར་དང་གཅེས་སྐྱོང་བྱེད་གདོས་ཤིང་། ཀུན་སྤྱོད་དང་སློབ་སྦྱོང་ཞན་པའི་སློབ་མར་ངང་རྒྱུད་རིང་པོས་སློབ་གསོ་དང་རོགས་རམ་བྱ་དགོས་པ་ལས་མཐོང་བྱེད་མི་ཆོག་ཅིང་། བཅའ་ཁྲིམས་དང་རྒྱལ་ཁབ་གཏན་འབེབས་ལས་འགལ་ནས་ནར་མ་སོན་པའི་སློབ་མ་སློབ་གྲྭ་ནས་ཕྱིར་འབུད་བྱས་མི་ཆོག
  དོན་ཚན་བཅུ་དགུ་པ། སློབ་གྲྭས་ནར་མ་སོན་པའི་སློབ་མའི་ལུས་སེམས་གཉིས་འཕེལ་གྱི་ཁྱད་ཆོས་ལ་གཞིགས་ནས་ཁོ་ཚོར་སྤྱི་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་ཁྲིད་སྟོན་དང་། སེམས་བདེ་ཐང་གི་རོགས་ཁྲིད་དང་ལང་ཚོ་དར་དུས་ཀྱི་སློབ་གསོ་བཅས་བྱེད་དགོས།
  དོན་ཚན་ཉི་ཤུ་པ། སློབ་གྲྭས་ནར་མ་སོན་པའི་སློབ་མའི་ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་དག་དང་ཕན་ཚུན་གཞོགས་འདེགས་བྱས་ཏེ། ནར་མ་སོན་པའི་སློབ་མའི་གཉིད་ཉལ་དང་། རོལ་རྩེད། ལུས་རྩལ་སྦྱོང་བརྡར་བཅས་ཀྱི་དུས་ཚོད་འགན་ལེན་བྱེད་དགོས་པ་དང་། ཁོང་ཚོའི་སློབ་སྦྱོང་གི་ཁུར་པོ་ཆེ་རུ་བཏང་མི་ཆོག

དོན་ཚན་ཉེར་གཅིག་པ། སློབ་གྲྭ་དང་། བྱིས་པ་ཁང་། བུ་བཅོལ་ཁང་བཅས་ཀྱི་དགེ་རྒན་དང་ལས་བཟོ་པས་ནར་མ་སོན་པའི་མིའི་ངོ་དང་ལ་རྒྱར་བརྩི་འཇོག་བྱེད་དགོས་པ་ལས། ནར་མ་སོན་པའི་མིར་ལུས་ཆད་གཅོད་པ་དང་། རྣམ་པ་འགྱུར་བའི་ལུས་ཆད་གཅོད་པའམ་མིའི་ངོ་དང་ལ་རྒྱར་བརྗས་བཅོས་བྱེད་པའི་བྱ་སྤྱོད་གཞན་དག་རིགས་སྤེལ་མི་ཆོག
  དོན་ཚན་ཉེར་གཉིས་པ། སློབ་གྲྭ་དང་། བྱིས་པ་ཁང་། བུ་བཅོལ་ཁང་བཅས་ཀྱིས་བདེ་འཇགས་ལམ་ལུགས་བཙུགས་ནས་ནར་མ་སོན་པའི་མིར་བདེ་འཇགས་ཀྱི་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་བྱེད་ཐབས་སྤྱད་དེ་ནར་མ་སོན་པའི་མིའི་ལུས་ཁམས་བདེ་སྲུང་ཡོང་བར་འགན་ལེན་བྱེད་དགོས། སློབ་གྲྭ་དང་། བྱིས་པ་ཁང་། བུ་བཅོལ་ཁང་བཅས་ཀྱིས་ནར་མ་སོན་པའི་མིའི་ལུས་ཁམས་བདེ་འཇགས་དང་བདེ་ཐང་ཡོང་བར་ཉེན་ཁ་ཡོད་པའི་སློབ་གྲྭའི་ཁང་པ་དང་སྒྲིག་བཀོད་གཞན་ཡོད་སར་སློབ་གསོ་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་མི་ཆོག  སློབ་གྲྭ་དང་། བྱིས་པ་ཁང་། བུ་བཅོལ་ཁང་བཅས་ཀྱིས་ནར་མ་སོན་པའི་མིའི་འདུ་ཚོགས་དང་། རིག་གནས་རོལ་རྩེད། སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་སོགས་ཀྱི་ཐུན་མོང་བྱེད་སྒོར་ཞུགས་རྒྱུའི་བཀོད་སྒྲིག་བྱེད་སྐབས་ནར་མ་སོན་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཕན་པ་བྱ་དགོས་པ་དང་། ལུས་ཁམས་བདེ་འཇགས་ཡོང་བར་གནོད་པའི་བྱུར་ཉེས་མི་ཡོང་བར་སྔོན་འགོག་བྱེད་དགོས།
  དོན་ཚན་ཉེར་གསུམ་པ། སློབ་གསོའི་སྲིད་འཛིན་སོགས་ཀྱི་སྡེ་ཁག་དང་། སློབ་གྲྭ། བྱིས་པ་ཁང་། བུ་བཅོལ་ཁང་བཅས་ཀྱིས་དགོས་མཁོར་གཞིགས་ནས་གནོད་འཚེ་སྣ་ཚོགས་དང་། འགོས་ནད། ཟས་དུག་ཕོག་པ། བསམ་ཡུལ་ལས་འདས་པའི་གནོད་སྐྱོན་སོགས་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཁ་གཏད་འཇལ་རྒྱུའི་འཕྲལ་ཐག་གཅོད་ཐབས་གཏན་འབེབས་བྱ་དགོས་པ་དང་། བབ་མཚུངས་ཀྱིས་སྒྲིག་བཀོད་སྒྲིག་སྦྱོར་བྱ་དགོས་པ་མ་ཟད་དགོས་ངེས་ཀྱི་དངོས་སྦྱོང་ཡང་བྱས་ནས་ནར་མ་སོན་པའི་མིར་རང་ཉིད་སྲུང་སྐྱོང་གི་འདུ་ཤེས་དང་ནུས་པ་ཇེ་ཆེར་གཏོང་དགོས།
  དོན་ཚན་ཉེར་བཞི་པ། ནར་མ་སོན་པའི་སློབ་མས་སློབ་གྲྭའི་ནང་དུའམ་སློབ་གྲྭས་སྒྲིག་འཛུགས་བྱས་པའི་སློབ་གྲྭའི་ཕྱིར་བྱེད་སྒོ་སྤེལ་རིང་ལུས་ཁམས་ལ་གནོད་འཚེ་བཏང་བའི་བྱུར་ཉེས་བྱུང་བར་སློབ་གྲྭ་ནས་དུས་ཐོག་ཏུ་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་ལ་སྙན་གསེང་ཡང་ཞུ་དགོས།
  དོན་ཚན་ཉེར་ལྔ་པ། སློབ་གྲྭར་སློབ་གསོ་དང་ལེན་བྱེད་ཅིང་སྤྱོད་ཚུལ་ཚབས་ཆེན་མི་ལེགས་པའི་ནར་མ་སོན་པའི་སློབ་མར་སློབ་གྲྭ་དང་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མཁན་གཞན་དག་བཅས་ཀྱིས་ཕན་ཚུན་གཞོགས་འདེགས་བྱས་ཏེ་དོ་དམ་སློབ་གཅུན་བྱ་དགོས་པ་དང་། དོ་དམ་སློབ་གཅུན་བྱེད་ནུས་མེད་པའམ་དོ་དམ་སློབ་གཅུན་བྱས་ཀྱང་ཕན་འབྲས་མ་བྱུང་ཚེ། འབྲེལ་ཡོད་གཏན་འབེབས་ལྟར་དེ་དག་ཆེད་དམིགས་སློབ་གྲྭར་བསྐྱལ་ནས་མུ་མཐུད་སློབ་གསོ་དང་ལེན་བྱེད་དུ་བཅུག་ཆོག  བཅའ་ཁྲིམས་ལྟར་ཆེད་དམིགས་སློབ་གྲྭ་བཙུགས་པའི་ས་གནས་མི་དམངས་སྲིད་གཞུང་གིས་ཆེད་དམིགས་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་འགན་སྲུང་བྱ་དགོས་པ་དང་། སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་ཆེད་དམིགས་སློབ་གྲྭར་དོ་དམ་དང་ཁྲིད་སྟོན་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་རོགས་རམ་དང་གཞོགས་འདེགས་བྱ་དགོས།   ཆེད་དམིགས་སློབ་གྲྭས་སློབ་གྲུར་སློབ་སྦྱོང་བྱེད་པའི་ནར་མ་སོན་པའི་སློབ་མར་བསམ་བློའི་སློབ་གསོ་དང་། རིག་གནས་སློབ་གསོ། སྒྲིག་ཁྲིམས་དང་ཁྲིམས་ལུགས་སློབ་གསོ། ངལ་རྩོལ་ལག་རྩལ་སློབ་གསོ་དང་ལས་རིགས་སློབ་གསོ་བཅས་རྒྱག་དགོས།       

དོན་ཚན་ཉེར་དྲུག་པ། བྱིས་པ་ཁང་གིས་བྱིས་པ་གསོ་སྐྱོང་དང་སློབ་གསོ་གཏོང་བའི་ལས་ཀ་ཡག་པོ་བསྒྲུབས་ཏེ་བྱིས་པ་རྣམས་གཟུགས་གཞི་དང་། རིག་སྟོབས། ཀུན་སྤྱོད་སོགས་ཀྱི་ཐད་མཐུན་འགྱུར་དང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱེད་དགོས།

ལེའུ་བཞི་པ། སྤྱི་ཚོགས་ཀྱིས་སྲུང་སྐྱོང་བྱེད་ཕྱོགས་སྐོར།

དོན་ཚན་ཉེར་བདུན་པ། སྤྱི་ཚོགས་ཡོངས་ཀྱིས་ནར་མ་སོན་པའི་མིར་བརྩི་འཇོག་དང་། སྲུང་སྐྱོང་། སློབ་གསོ་རྒྱག་པ་བཅས་ཀྱི་དར་སྲོལ་བཟང་པོ་ཆགས་པ་བྱས་ནས་ནར་མ་སོན་པའི་མིར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས།       སྤྱི་ཚོགས་ཀྱི་ཚོགས་པ་དང་། ཁེ་ལས་དང་བྱ་གཞག་རྩ་འཛུགས་དེ་བཞིན་རྩ་འཛུགས་གཞན་དག་དང་མི་སྒེར་བཅས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ནར་མ་སོན་པའི་མི་རྣམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཕན་པའི་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་བར་རྒྱལ་ཁབ་ནས་བསྔགས་སྐུལ་བྱ་རྒྱུ།
  དོན་ཚན་ཉེར་བརྒྱད་པ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ནར་མ་སོན་པའི་མི་འི་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་འགན་སྲུང་བྱ་དགོས་པ་མ་ཟད་བྱེད་ཐབས་སྤྱད་དེ་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པ་དང་། དབང་པོ་སྐྱོན་ཅན། འགྲོ་རྒྱུག་མི་འབོར་ཁྲོད་ཀྱི་ནར་མ་སོན་པའི་མི་སོགས་ཀྱི་འོས་འགན་སློབ་གསོ་དང་ལེན་བྱེད་པར་འགན་སྲུང་ཡང་བྱ་དགོས།
  དོན་ཚན་ཉེར་དགུ་པ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ནར་མ་སོན་པའི་མིའི་རིག་གནས་འཚོ་བའི་དགོས་མཁོར་འཚམ་པའི་བྱེད་སྒོ་སྤེལ་གནས་དང་སྒྲིག་བཀོད་གསར་འཛུགས་དང་ལེགས་བཅོས་བྱ་དགོས་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ནར་མ་སོན་པའི་མིར་འཚམ་པའི་བྱེད་སྒོ་སྤེལ་གནས་གསར་འཛུགས་བྱ་རྒྱུ་མ་ཟད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་བསྔགས་སྐུལ་ཡང་བྱ་དགོས།
  དོན་ཚན་སུམ་ཅུ་པ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་། དཔེ་དེབ་ཁང་། གཞོན་ནུ་དང་ལོ་ཆུང་ཕོ་བྲང་། བྱིས་པའི་བྱེད་སྒོའི་ལྟེ་གནས་བཅས་ནར་མ་སོན་པའི་མིར་རིན་མེད་ཀྱིས་སྒོ་འབྱེད་དགོས་པ་དང་། དངོས་མང་བཤམས་སྟོན་ཁང་དང་། དྲན་གསོ་ཁང་། ཚན་རྩལ་ཁང་། འགྲེམས་སྟོན་ཁང་། མཛེས་རྩལ་ཁང་། རིག་གནས་ཁང་དེ་བཞིན་གློག་བརྙན་ཁང་དང་། ལུས་རྩལ་ཁང་། སྲོག་ཆགས་གླིང་། སྤྱི་གླིང་སོགས་ལ་འབྲེལ་ཡོད་གཏན་འབེབས་ལྟར་ནར་མ་སོན་པའི་མིར་རིན་མེད་དམ་ཡང་ན་གཟིགས་སྐྱོང་གི་ཐོག་ནས་སྒོ་འབྱེད་དགོས།
  དོན་ཚན་སོ་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་སློབ་གསོའི་སྲིད་འཛིན་ཚན་པས་བྱེད་ཐབས་སྤྱད་དེ་སློབ་གྲྭ་འབྲིང་ཆུང་གིས་དུས་ཆེན་དང་གུང་གསེང་ཉིན་མོར་རིག་གནས་ལུས་རྩལ་སྒྲིག་བཀོད་རྣམས་ནར་མ་སོན་པའི་མིར་རིན་མེད་དམ་ཡང་ན་གཟིགས་སྐྱོང་གི་ཐོག་ནས་སྒོ་འབྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་དགོས།       སྡེ་ཁུལ་གྱི་སྤྱི་ཕན་རང་བཞིན་གྱི་དྲ་སྦྲེལ་གྱི་དྲ་རྩེད་ཞབས་ཞུའི་སྒྲིག་བཀོད་དག་ནར་མ་སོན་པའི་མིར་རིན་པ་མེད་པའམ་ཡང་ན་གཟིགས་སྐྱོང་གི་ཐོག་ནས་སྒོ་འབྱེད་དགོས་པ་དང་། ནར་མ་སོན་པའི་མིར་ཉེན་མེད་དང་སྐྱོན་བྲལ་གྱི་དྲ་རྩེད་ཞབས་ཞུ་མཁོ་འདོན་བྱེད་དགོས།
  དོན་ཚན་སོ་གཉིས་པ། གསར་འགྱུར་དང་། དཔེ་སྐྲུན། ཆ་འཕྲིན་ཐོན་ལས། ཀུན་ཁྱབ་རླུང་འཕྲིན། གློག་བརྙན། བརྙན་འཕྲིན། རིག་རྩལ་སོགས་ཀྱི་ལས་ཁུངས་དང་རྩོམ་པ་པོ། སྒྱུ་རྩལ་པ། ཚན་རིག་པ། དེ་བཞིན་སྤྱི་འབངས་གཞན་དག་བཅས་ཀྱིས་ནར་མ་སོན་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཕན་པའི་རྩོམ་རིག་གསར་རྩོམ་མམ་འདོན་སྤྲོད་བྱེད་པར་རྒྱལ་ཁབ་གཞུང་ནས་བསྔགས་སྐུལ་བྱ་རྒྱུ་དང་། ཆེད་མངགས་ནར་མ་སོན་པའི་མི་དམིགས་ཡུལ་དུ་བཟུང་བའི་ནང་དོན་སྐྱོན་བྲལ་ཡིན་པའི་དཔེ་དེབ་དང་། ཚགས་པར། དུས་དེབ། སྒྲ་ཕབ་བརྙན་ཕབ་ཐོན་རྫས། གློག་རྡུལ་དཔེ་སྐྲུན་དངོས་རྫས། དེ་བཞིན་དྲ་སྦྲེལ་གྱི་ཆ་འཕྲིན་སོགས་པར་དུ་བསྐྲུན་པ་དང་། བཟོ་བ། ཁྱབ་སྤེལ་བཅས་བྱེད་པར་རྒྱལ་ཁབ་ནས་རོགས་སྐྱོར་བྱ་རྒྱུ།       ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་ཚན་རྩལ་ཚོགས་པས་ནར་མ་སོན་པའི་མི་ལ་ཚན་རིག་ཤེས་བྱ་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བར་རྒྱལ་ཁབ་ནས་བསྔགས་སྐུལ་བྱ་རྒྱུ།
  དོན་ཚན་སོ་གསུམ་པ། རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ་ནར་མ་སོན་པའི་མི་དྲ་སྦྲེལ་ལ་དབྱིངས་ཚུད་པ་མི་ཡོང་བ་སྔོན་འགོག་བྱེད་དགོས།       ནར་མ་སོན་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཕན་པའི་དྲ་སྦྲེལ་གྱི་ཐོན་རྫས་ཞིབ་འཇུག་དང་གསར་གཏོད་བྱ་རྒྱུ་དང་། ནར་མ་སོན་པའི་མི་དྲ་སྦྲེལ་ལ་དབྱིངས་ཚུད་པར་བཀག་འགོག་བྱེད་པར་སྤྱོད་རྒྱུའི་ལག་རྩལ་གསར་པ་ཁྱབ་སྤེལ་བྱེད་པར་རྒྱལ་ཁབ་ནས་བསྔགས་སྐུལ་བྱ་རྒྱུ།
  དོན་ཚན་སོ་བཞི་བ། རྩ་འཛུགས་གང་དང་མི་སྒེར་སུས་ཀྱང་ནར་མ་སོན་པའི་མིར་འདོད་ལོག་ཆགས་སྲེད་དང་། དྲག་ཤུགས། དམར་གསོད། འཇིགས་སྐུལ། རྒྱན་འགྱེད་སོགས་ནར་མ་སོན་པའི་མིར་གནོད་པའི་དཔེ་དེབ་དང་། ཚགས་པར། དུས་དེབ། སྒྲ་ཕབ་བརྙན་ཕབ་ཐོན་རྫས། གློག་རྡུལ་དཔེ་སྐྲུན་དངོས་རྫས། དེ་བཞིན་དྲ་སྦྲེལ་གྱི་ཆ་འཕྲིན་སོགས་བཟོས་པའམ་བཙོང་པ། བོགས་མར་བཏང་བའམ་བྱེད་ཐབས་གཞན་དག་ལ་བརྟེན་ནས་ཁྱབ་སྤེལ་བྱས་རིགས་གཏན་འགོག་བྱ་རྒྱུ།
  དོན་ཚན་སོ་ལྔ་པ། ནར་མ་སོན་པའི་མིས་བཟའ་རྒྱུའི་བཟའ་ཆས་དང་། སྨན་རྫས། རྩེད་ཆས། མཁོ་ཆས་དང་སྤྲོ་གསེང་རོལ་རྩེད་སྒྲིག་བཀོད་སོགས་ཐོན་སྐྱེད་དང་བྲིན་འཚོང་བྱེད་སྐབས་རྒྱལ་ཁབ་ཀྱི་ཚད་གཞི་འམ་ཡང་ན་ལས་རིགས་ཀྱི་ཚད་གཞི་དང་མཐུན་དགོས་པ་ལས་ནར་མ་སོན་པའི་མིའི་བདེ་འཇགས་དང་ལུས་ཁམས་བདེ་ཐང་ལ་གནོད་པ་བྱས་མི་ཆོག་པ་དང་། དོ་སྣང་བྱེད་དགོས་པའི་རིགས་ལ་མངོན་གསལ་དོད་པོས་གསལ་འགོད་བྱ་དགོས།
  དོན་ཚན་སོ་དྲུག་པ། སློབ་གྲྭ་འབྲིང་ཆུང་གི་སློབ་རའི་མཐའ་འཁོར་དུ་ཚོང་གཉེར་གྱི་རང་བཞིན་ལྡན་པའི་གླུ་གར་རོལ་རྩེད་བྱེད་གནས་དང་། དྲ་སྦྲེལ་གྱི་དྲ་རྩེད་ཞབས་ཞུའི་ཚོང་གཉེར་བྱེད་གནས་སོགས་ནར་མ་སོན་པའི་མིས་བྱེད་སྒོ་སྤེལ་བར་མི་འཚམ་པའི་བྱེད་སྒོ་སྤེལ་གནས་བཙུགས་མི་ཆོག       ཚོང་གཉེར་གྱི་རང་བཞིན་ལྡན་པའི་གླུ་གར་རོལ་རྩེད་བྱེད་གནས་དང་། དྲ་སྦྲེལ་གྱི་དྲ་རྩེད་ཞབས་ཞུའི་ཚོང་གཉེར་བྱེད་གནས་སོགས་ནར་མ་སོན་པའི་མིས་བྱེད་སྒོ་སྤེལ་བར་མི་འཚམ་པའི་བྱེད་སྒོ་སྤེལ་གནས་སུ་ནར་མ་སོན་པའི་མི་འགྲོ་རུ་བཅུག་མི་ཆོག་ཅིང་། གཉེར་སྐྱོང་བྱེད་མཁན་གྱིས་མངོན་གསལ་དོད་སར་ནར་མ་སོན་པའི་མི་འགྲོ་མི་ཆོག་པའི་མཚོན་རྟགས་བསྟན་དགོས་པ་དང་། ནར་སོན་ཡོད་མེད་གསལ་འབྱེད་དཀའ་བའི་སྐབས་སུ་ཐོབ་ཐང་ལག་འཁྱེར་བསྟན་རྒྱུའི་བླང་བྱ་འདོན་དགོས།
  དོན་ཚན་སོ་བདུན་པ། ནར་མ་སོན་པའི་མིར་ཆང་རག་དང་ཐ་མག་བཙོང་མི་ཆོག་པ་དང་། གཉེར་སྐྱོང་བྱེད་མཁན་གྱིས་མངོན་གསལ་དོད་སར་ནར་མ་སོན་པའི་མིར་ཆང་རག་དང་ཐ་མག་བཙོང་མི་འཚོང་པའི་མཚོན་རྟགས་བསྟན་དགོས་པ་དང་། ནར་སོན་ཡོད་མེད་གསལ་འབྱེད་དཀའ་བའི་སྐབས་སུ་ཐོབ་ཐང་ལག་འཁྱེར་བསྟན་རྒྱུའི་བླང་བྱ་འདོན་དགོས།       མི་སུ་དང་སུ་ཡིན་ནའང་སློབ་གྲྭ་འབྲིང་ཆུང་དང་། བྱིས་པ་ཁང་། བུ་བཅོལ་ཁང་བཅས་ཀྱི་སློབ་ཁང་དང་། ཉལ་ཁང་། བྱེད་སྒོ་སྤེལ་བའི་ཁང་པ་དང་ནར་མི་སོན་པའི་མི་འདུ་འཛོམས་ཀྱིས་བྱེད་སྒོ་སྤེལ་གནས་གཞན་དག་བཅས་ཀྱི་ནང་ཐ་མག་འཐེན་པ་དང་ཆང་རག་འཐུང་བའི་རིགས་བྱས་མི་ཆོག
  དོན་ཚན་སོ་བརྒྱད་པ། རྒྱལ་ཁབ་ནས་གཏན་འབེབས་ལོགས་སུ་བྱས་པ་ཕུད། རྩ་འཛུགས་གང་ངམ་མི་སྒེར་སུས་ཀྱང་ལོ་བཅུ་དྲུག་ཧྲིལ་པོ་ལོན་མེད་པའི་ནར་མ་སོན་པའི་མི་སྐོང་འགུགས་ཀྱིས་ལས་ཀ་བྱེད་དུ་བཅུག་མི་ཆོག       རྩ་འཛུགས་གང་ངམ་མི་སྒེར་སུས་ཞིག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལོ་བཅུ་དྲུག་ཧྲིལ་པོ་ལོན་ཡང་ལོ་བཅོ་བརྒྱད་ཧྲིལ་པོ་མ་ལོན་པའི་ནར་མ་སོན་པའི་མི་སྐོང་འགུགས་བྱེད་སྐབས་ལས་རིགས་དང་ངལ་རྩོལ་གྱི་དུས་ཚོད། ངལ་རྩོལ་གྱི་ལྕི་ཡང་། སྲུང་སྐྱོང་བྱེད་ཐབས་སོགས་ཀྱི་ཐད་རྒྱལ་ཁབ་ཀྱི་གཏན་འབེབས་ལག་བསྟར་བྱ་དགོས་པ་ལས། ལས་ལྕི་དྲགས་པ་དང་། དུག་ལྡན་པ། གནོད་སྐྱོན་ལྡན་པ་སོགས་ནར་མི་སོན་པའི་མིའི་ལུས་སེམས་གཉིས་བདེར་གནོད་པའི་ངལ་རྩོལ་ལམ་ཉེན་ཁ་ཡོད་པའི་ལས་ཀ་བཀོད་སྒྲིག་བྱས་མི་ཆོག
  དོན་ཚན་སོ་དགུ་པ། རྩ་འཛུགས་གང་ངམ་མི་སྒེར་སུས་ཀྱང་ནར་མ་སོན་པའི་མི་སྒེར་གྱི་གསང་དོན་སྒྲོག་སྤེལ་བྱས་མི་ཆོག       རྩ་འཛུགས་གང་ངམ་མི་སྒེར་སུས་ཀྱང་ནར་མ་སོན་པའི་མིའི་འཕྲིན་ཡིག་དང་། ཉིན་ཐོ། གློག་རྡུལ་སྦྲགས་ཡིག་བཅས་སྦས་སྐུང་དང་ཁ་ཕྱེ་ནས་དབྱུགས་མི་ཆོག་པ་དང་། བྱས་ཉེས་རྩད་གཅོད་བྱ་དགོས་པའི་རྐྱེན་གྱིས་སྤྱི་བདེ་ལས་ཁུངས་སམ་མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ལྟར་ཞིབ་བཤེར་བྱ་རྒྱུ་དང་། ཡང་ན་བྱ་སྤྱོད་སྤེལ་ནུས་མེད་པའི་ནར་མ་སོན་པའི་མིའི་འཕྲིན་ཡིག་དང་། ཉིན་ཐོ། གློག་རྡུལ་སྦྲགས་ཡིག་བཅས་དེའི་ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་དག་གིས་ཚབ་བྱས་ནས་ཁ་ཕྱེ་བ་དང་ཀློག་བཤེར་བྱས་ཆོག་པ་ཕུད། རྩ་འཛུགས་གང་ངམ་མི་སྒེར་སུས་ཀྱང་ཁ་ཕྱེ་བ་དང་ཀློག་བཤེར་བྱས་མི་ཆོག
  དོན་ཚན་བཞི་བཅུ་པ། སློབ་གྲྭ་དང་། བྱིས་པ་ཁང་། བུ་བཅོལ་ཁང་བཅས་དང་སྤྱི་པའི་མི་ཚོགས་འདུ་སར་གློ་བུར་དུ་དོན་རྐྱེན་འབྱུང་སྐབས་སྔོན་ལ་ནར་མ་སོན་པའི་མི་སྐྱོབ་དགོས།
  དོན་ཚན་ཞེ་གཅིག་པ། ནར་མ་སོན་པའི་མི་བསླུ་འཚོང་དང་། བཙན་ཁྲིད། སྡུག་གཅོད་བཅས་བཏང་རིགས་གཏན་འགོག་དང་། ནར་མ་སོན་པའི་མིར་བཙན་གཡེམ་བྱེད་རིགས་གཏན་འགོག་བྱེད་དགོས།       ནར་མ་སོན་པའི་མིར་བཙན་ཤེད་དང་། མགོ་སྐོར་བསླུ་བྲིད་གཏོང་བ། བཙན་སྐུལ་གྱིས་སློང་མོར་གཏོང་བའམ་ནར་མ་སོན་པའི་མི་སྒྲིག་འཛུགས་བྱས་ནས་དེའི་ལུས་སེམས་གཉིས་བདེ་ཡོང་བར་གནོད་པའི་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་རིགས་གཏན་འགོག་བྱེད་དགོས།
  དོན་ཚན་ཞེ་གཉིས་པ། སྤྱི་བདེ་ལས་ཁུངས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་སློབ་གྲྭའི་ར་བའི་མཐའ་འཁོར་གྱི་བདེ་སྐྱོང་དང་འགྲིམ་འགྲུལ་སྒྲིག་ལམ་བཅའ་ཁྲིམས་ལྟར་སྲུང་སྐྱོང་བྱ་དགོས་པ་དང་། ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བའི་ཁྲིམས་འགལ་ཉེས་གསོག་གི་སྤྱོད་ཚུལ་སྔོན་འགོག་དང་བཀག་འགོག་བྱེད་དགོས།       རྩ་འཛུགས་གང་ངམ་མི་སྒེར་སུས་ཀྱང་སློབ་ཁྲིད་ཀྱི་སྒྲིག་ལམ་དཀྲུགས་མི་ཆོག་པ་དང་། སློབ་གྲྭ་དང་། བྱིས་པ་ཁང་། བུ་བཅོལ་ཁང་གི་ར་བ་དང་སྡོད་ཁང་། སྒྲིག་བཀོད་བཅས་བཙན་བཟུང་དང་གཏོར་བཤིག་བྱས་མི་ཆོག
  དོན་ཚན་ཞེ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་དམངས་སྲིད་ཚན་པས་དགོས་མཁོར་གཞིགས་ནས་རོགས་སྐྱོབ་བྱེད་ཡུལ་བཙུགས་ཏེ། ཡུལ་གྱར་སློང་མོ་བྱེད་མཁན་སོགས་འཚོ་རྟེན་མེད་པའི་ནར་མ་སོན་པའི་མིར་རོགས་སྐྱོབ་དང་གནས་སྐབས་ཀྱི་ལྟ་སྐྱོང་གི་འགན་འཁུར་དགོས་པ་དང་། སྤྱི་བདེ་ཚན་པའམ་འབྲེལ་ཡོད་ཚན་པ་གཞན་དག་གིས་ཀྱང་སློང་མོ་ཞུ་མཁན་ནམ་ཁྱིམ་ནས་ཁ་བྲལ་བའི་ནར་མ་སོན་པའི་མི་རོགས་སྐྱོབ་བྱེད་ཡུལ་ལ་སྲུང་སྐྱེལ་བྱས་ཐོག་རོགས་སྐྱོབ་བྱེད་ཡུལ་ནས་རོགས་སྐྱོབ་དང་ལྟ་རྟོག་དོ་ནན་བྱེད་དགོས་པ་མ་ཟད་དུས་ཐོག་ཏུ་དེའི་ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་དག་ལ་རྩིས་ལེན་བྱ་རྒྱུའི་བརྡ་ལན་སྤྲོད་དགོས།   དྭ་ཕྲུག་དང་དེའི་ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་དག་རྩད་མ་ཆོད་པ་དང་དེ་བཞིན་འཚོ་རྟེན་མེད་པའི་ནར་མ་སོན་པའི་མི་དམངས་སྲིད་ཚན་པས་བཙུགས་པའི་བྱིས་པའི་ཕན་བདེའི་སྒྲིག་གཞི་ནས་བསྡུ་ཉར་གྱིས་གསོ་སྐྱོང་བྱ་རྒྱུ།   ནར་མ་སོན་པའི་མིའི་རོགས་སྐྱོབ་སྒྲིག་གཞི་དང་བྱིས་པའི་ཕན་བདེའི་སྒྲིག་གཞི་དང་དེའི་ལས་བྱེད་པས་བཅའ་ཁྲིམས་ལྟར་འགན་འཁྲི་འཁུར་ནས་ནར་མ་སོན་པའི་མིར་སྡུག་གཅོད་དང་མཐོང་ཆུང་བྱས་མི་ཆོག་པ་དང་། བསྡུ་ཉར་གསོ་སྐྱོང་གི་ལས་ཀ་བྱེད་རིང་ཁེ་ཕན་ཧམ་གཉེར་བྱས་མི་ཆོག

དོན་ཚན་ཞེ་བཞི་པ། འཕྲོད་བསྟེན་ཚན་པ་དང་སློབ་གྲྭས་ནར་མ་སོན་པའི་མིར་འཕྲོད་བསྟེན་དང་ལུས་ཁམས་བདེ་ཐང་ཡོང་བ་དང་འཚོ་བཅུད་ཀྱི་ཁྲིད་སྟོན་བྱ་དགོས་པ་དང་། དགོས་ངེས་ཀྱི་འཕྲོད་བསྟེན་དང་ལུས་ཁམས་བདེ་ཐང་ཡོང་བའི་ཆ་རྐྱེན་འདོན་སྤྲོད་བྱས་ནས་ནད་གཞི་སྔོན་འགོག་གི་ལས་ཀ་ལེགས་སྒྲུབ་བྱེད་དགོས།       འཕྲོད་བསྟེན་ཚན་པས་བྱིས་པ་ཚོར་རིམས་ནད་འགོག་སྨན་རྒྱག་པའི་ལས་ཀ་ལེགས་སྒྲུབ་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་འགོ་ནད་ཐར་བའི་འཆར་འགོད་རྣམ་གྲངས་ཁོངས་ཀྱི་རིམས་ནད་འགོག་སྨན་རྒྱག་པར་རིན་པ་ལེན་མི་རུང་ལ། བྱིས་པ་རྣམས་ཀྱི་རྒྱུན་གཏན་ནད་གཞི་དང་། ཕོག་སླ་བའི་ནད་རིགས་འགོག་བཅོས་ཧུར་ཐག་བྱ་དགོས་པ་དང་། འགོ་ནད་འགོག་བཅོས་ཀྱི་ལས་ཀར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། བྱིས་པ་ཁང་དང་བུ་བཅོལ་ཁང་གི་འཕྲོད་བསྟེན་དང་ལུས་ཁམས་བདེ་སྲུང་གི་ལས་སྒོ་སྣེ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས།
  དོན་ཚན་ཞེ་ལྔ་པ། ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་བུ་བཅོལ་ཁང་དང་བྱིས་པ་ཁང་གི་བྱ་གཞག་འཕེལ་རྒྱས་ཧུར་ཐག་བཏང་ནས་བུ་བཅོལ་ཁང་དང་བྱིས་པ་ཁང་གཉེར་སྐྱོང་ཡག་པོ་བྱེད་དགོས་པ་དང་། སྤྱི་ཚོགས་ཀྱི་རྩ་འཛུགས་དང་མི་སྒེར་བཅས་ཀྱིས་བཅའ་ཁྲིམས་ལྟར་ནུ་བསྣུན་ཁང་དང་། བུ་བཅོལ་ཁང་། བྱིས་པ་ཁང་བཅས་གསར་འཛུགས་བྱེད་པར་རྒྱབ་སྐྱོར་བྱེད་དགོས།       རིམ་པ་ཁག་གི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་ཚན་པས་རྣམ་པ་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་བྱིས་པ་ཁང་དང་བུ་བཅོལ་ཁང་གི་གསོ་སློབ་མི་སྣ་གསོ་སྐྱོང་དང་སྦྱོང་བརྡར་བྱས་ནས་ཁོ་ཚོའི་ལས་རིགས་ཀྱི་ཀུན་སྤྱོད་བྱང་ཚད་དང་ལས་སྒོའི་འཇོན་ཐང་གོང་མཐོར་གཏོང་དགོས།
  དོན་ཚན་ཞེ་དྲུག་པ། རྒྱལ་ཁབ་ནས་བཅའ་ཁྲིམས་ལྟར་ནར་མ་སོན་པའི་མིའི་རིག་སྟོབས་ཀྱི་གྲུབ་འབྲས་དང་མཚན་བསྟོད་ཐོབ་དབང་ལ་གནོད་འཚེ་མ་ཕོག་པའི་སྲུང་སྐྱོབ་བྱ་རྒྱུ།
  དོན་ཚན་ཞེ་བདུན་པ། ནར་མ་སོན་པའི་མིས་གཏན་འབེབས་ལོ་ཚད་ཀྱི་འོས་འགན་སློབ་གསོ་ཐེབས་རྗེས་མུ་མཐུད་སློབ་རིམ་འཕར་བའི་སློབ་སྦྱོང་མ་བྱས་ན། སྲིད་གཞུང་གི་འབྲེལ་ཡོད་ཚན་པ་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས་བཅས་ཀྱིས་དོན་དངོས་གནས་ཚུལ་ལ་གཞིགས་ཏེ་ཁོ་ཚོར་ལས་རིགས་ཀྱི་སློབ་གསོ་བརྒྱབ་ནས་ངལ་རྩོལ་དང་ལས་ཀར་ཞུགས་རྒྱུའི་ཆ་རྐྱེན་བསྐྲུན་དགོས།
  དོན་ཚན་ཞེ་བརྒྱད་པ། གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ཚན་པ་ལ་རོགས་རམ་བྱས་ཏེ་ཁྲིམས་འགལ་ཉེས་བསགས་བྱེད་པའི་ནར་མ་སོན་པའི་མིར་སློབ་གསོ་དང་དེ་སྐྱོབ་ཐབས་བྱ་དགོས་པ་དང་། ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བའི་ཁྲིམས་འགལ་ཉེས་བསགས་ཀྱི་སྤྱོད་ཚུལ་སྔོན་འགོག་དང་བཀག་འགོག་བྱ་དགོས།

དོན་ཚན་ཞེ་དགུ་པ། ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་རིགས་ལ་གནོད་འཚེ་ཕོག་མཁན་དང་དེའི་ལྟ་སྐྱོང་བྱེད་མིའམ་རྩ་འཛུགས་གཞན་དག་དང་མི་སྒེར་བཅས་ལ་འབྲེལ་ཡོད་སྡེ་ཁག་ལ་ཉེས་འདོན་བྱེད་དབང་ཡོད་པས་འབྲེལ་ཡོད་སྡེ་ཁག་གིས་བཅའ་ཁྲིམས་ལྟར་དུས་ཐོག་ཏུ་ཐག་གཅོད་བྱ་དགོས།

ལེའུ་ལྔ་པ། ཁྲིམས་འཛིན་ཐོག་ནས་སྲུང་སྐྱོབ་བྱེད་ཕྱོགས་སྐོར།

དོན་ཚན་ལྔ་བཅུ་པ། སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་དང་དེ་བཞིན་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་བཅས་ཀྱིས་བཅའ་ཁྲིམས་ལྟར་འགན་འཁྲི་བསྒྲུབ་དགོས་པ་དང་། ཁྲིམས་འཛིན་གྱི་བྱེད་སྒོ་སྤེལ་རིང་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་དགོས།
  དོན་ཚན་ལྔ་གཅིག་པ། ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་ནས་བཅའ་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་རིགས་ལ་མི་དམངས་ཁྲིམས་ཁང་ནས་བཅའ་ཁྲིམས་ལྟར་དུས་ཐོག་ཏུ་ཞིབ་དཔྱོད་བྱེད་དགོས་པ་མ་ཟད། ནར་མ་སོན་པའི་མིའི་ལུས་སེམས་ཀྱི་ཁྱད་ཆོས་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་དགོས་མཁོ་དང་མཐུན་པ་ཡང་བྱས་ནས་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས། ཁྲིམས་འཛིན་གྱི་བྱེད་སྒོ་སྤེལ་རིང་བཅའ་ཁྲིམས་ཐད་ཀྱི་རོགས་སྐྱོར་རམ་ཁྲིམས་འཛིན་ཐད་ཀྱི་སྐྱོབ་རོགས་བྱ་དགོས་པའི་ནར་མ་སོན་པའི་མིར་བཅའ་ཁྲིམས་ཐད་ཀྱི་རོགས་སྐྱོར་སྒྲིག་གཞིའམ་མི་དམངས་ཁྲིམས་ཁང་གིས་རོགས་རམ་བྱས་ནས་བཅའ་ཁྲིམས་ལྟར་དེར་བཅའ་ཁྲིམས་ཐད་ཀྱི་རོགས་སྐྱོར་རམ་ཁྲིམས་འཛིན་ཐད་ཀྱི་སྐྱོབ་རོགས་བྱ་དགོས།
  དོན་ཚན་ལྔ་གཉིས་པ། མི་དམངས་ཁྲིམས་ཁང་གིས་ཤུལ་འཛིན་སྐོར་གྱི་གྱོད་དོན་ཞིབ་དཔྱོད་བྱེད་སྐབས་བཅའ་ཁྲིམས་ལྟར་ནར་མ་སོན་པའི་མིའི་ཤུལ་འཛིན་བྱེད་དབང་དང་ཤུལ་བཞག་སྤྲོད་དངོས་ཐོབ་དབང་སྲུང་སྐྱོང་བྱེད་དགོས།   མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་གྱི་གྱོད་དོན་ཞིབ་དཔྱོད་བྱེད་སྐབས་ནར་མ་སོན་པའི་བུ་ཕྲུག་གསོ་སྐྱོང་བྱ་རྒྱུ་དང་འབྲེལ་བ་ཡོད་པའི་གནད་དོན་ཡོད་རིགས་ལ་འདོད་བློ་འདོན་ནུས་ཡོད་པའི་ནར་མ་སོན་པའི་བུ་ཕྲུག་གི་བསམ་འཆར་ཉན་འཇོག་བྱས་ནས་བུ་ཕྲུག་གི་ཁེ་དབང་འགན་སྲུང་བྱ་རྒྱུའི་རྩ་དོན་དང་ཕྱོགས་གཉིས་ཀའི་གནས་ཚུལ་དངོས་ལ་གཞིགས་ཏེ་བཅའ་ཁྲིམས་ལྟར་ཐག་གཅོད་བྱ་དགོས།
  དོན་ཚན་ལྔ་གསུམ་པ། ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་དག་གིས་ལྟ་སྐྱོང་གི་འགན་འཁྲི་མ་བསྒྲུབས་པའམ་ལྟ་སྐྱོང་བྱེད་པའི་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ནས་སློབ་གསོ་བརྒྱབ་ཀྱང་ལེགས་བཅོས་མ་བྱས་པར་མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་མི་སྣ་དང་ཡང་ན་འབྲེལ་ཡོད་སྡེ་ཚན་གྱི་རེ་ཞུ་གཞིར་བཟུང་ནས་དེའི་ལྟ་སྐྱོང་བྱེད་མིའི་ཐོབ་ཐང་ཕྱིར་འཐེན་བྱས་ཐོག་བཅའ་ཁྲིམས་ལྟར་ལྟ་སྐྱོང་བྱེད་མི་ལོགས་སུ་དམིགས་འཛུགས་བྱས་ཆོག ལྟ་སྐྱོང་གི་ཐོབ་ཐང་ཕྱིར་འཐེན་བྱས་པའི་ཕ་མས་བཅའ་ཁྲིམས་ལྟར་གསོ་སྐྱོང་འགྲོ་གྲོན་གཏོང་འགན་ཁུར་དགོས།
  དོན་ཚན་ལྔ་བཞི་པ། ཁྲིམས་འགལ་བྱས་ཉེས་བསགས་པའི་ནར་མ་སོན་པའི་མིར་སློབ་གསོ་དང་བློ་འགུགས་ཀྱིས་སྐྱོབ་ཐབས་བྱེད་པའི་བྱེད་ཕྱོགས་ལག་ལེན་བསྟར་རྒྱུ་དང་། སློབ་གསོ་གཏོང་རྒྱུ་གཙོ་བོར་འཛིན་པ་དང་། ཆད་པ་གཅོད་རྒྱུ་གཞོགས་འདེགས་སུ་བྱེད་པའི་རྩ་དོན་མཐའ་སྐྱོང་བྱེད་རྒྱུ།  ཁྲིམས་འགལ་བྱས་ཉེས་བསགས་པའི་ནར་མ་སོན་པའི་མིར་བཅའ་ཁྲིམས་ལྟར་ཆད་གཅོད་ཡང་ཟོས་དང་། བཅའ་ཡང་། ཡང་ན་རྩ་ཡངས་གཏོང་དགོས།

དོན་ཚན་ང་ལྔ་པ། སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་ཀྱིས་ནར་མ་སོན་པའི་མིས་བྱས་ཉེས་བསགས་པའི་གྱོད་དོན་དང་ནར་མ་སོན་པའི་མིའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དང་འབྲེལ་བ་ཡོད་པའི་གྱོད་དོན་ཞིབ་དཔྱོད་བྱེད་སྐབས་ནར་མ་སོན་པའི་མིའི་ལུས་སེམས་འཕེལ་རྒྱས་འགྲོ་བའི་ཁྱད་ཆོས་ལ་ལྟ་རྟོག་དང་། ཁོ་ཚོའི་མིའི་ངོ་དང་ལ་རྒྱར་བརྩི་འཇོག་བྱས་ནས་ཁོ་ཚོའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས་པ་མ་ཟད། དགོས་མཁོར་གཞིགས་ཏེ་ཆེད་དམིགས་སྒྲིག་གཞི་འཛུགས་པའམ་ཡང་ན་མི་སྣ་ཆེད་བསྐོས་ཀྱིས་ཞིབ་གཅོད་བྱེད་དགོས། 
  དོན་ཚན་ང་དྲུག་པ། སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་གིས་ནར་མ་སོན་པའི་དོགས་ཡོད་ཉེས་ཅན་དང་། ནར་མ་སོན་པའི་དཔང་པོ། གནོད་འཚེ་ཕོག་མཁན་བཅས་ལ་འདྲི་རྩད་བྱེད་སྐབས་ལྟ་སྐྱོང་བྱེད་མི་འདྲི་རྩད་བྱེད་སར་ཡོང་རྒྱུའི་བརྡ་ཐོ་གཏོང་དགོས།       སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་ཀྱིས་ནར་མ་སོན་པའི་མིར་ཆགས་རྩེད་བཙན་གནོད་ཕོག་པའི་ཉེས་དོན་གྱི་གྱོད་གཞི་ཞིབ་དཔྱོད་བྱེད་སྐབས་གནོད་འཚེ་ཕོག་མཁན་གྱི་མཚན་སྙན་སྲུང་སྐྱོབ་བྱེད་དགོས།
  དོན་ཚན་ང་བདུན་པ། བཙན་ཉར་དང་ཁྲིམས་ཆད་ཁུར་བཞིན་པའི་ནར་མ་སོན་པའི་མིས་འོས་འགན་སློབ་གསོ་ལེགས་གྲུབ་བྱས་མེད་པར་དེར་འོས་འགན་སློབ་གསོ་སྒྲུབ་ཏུ་འཇུག་དགོས།       བཙན་ཉར་དང་ཁྲིམས་ཆད་ཁུར་བཞིན་པའི་ནར་མ་སོན་པའིམི་ཁྲིམས་ཆད་ཁུར་བཞིན་པའི་དར་མ་དང་ལོགས་སུ་བཀར་ནས་བཙོན་འཇུག་བྱེད་དགོས།       བཙན་ཉར་བྱེད་ཁོངས་ནས་གློད་པ་དང་ཁྲིམས་ཆད་ཁུར་ཡུན་ཐིམ་པའི་ནར་མ་སོན་པའི་མིས་སློབ་གྲྭར་བསྐྱར་ཞུགས་དང་། སློབ་རིམ་འཕར་བ། ལས་ཞུགས་བཅས་བྱེད་པར་མཐོང་ཆུང་བྱེད་མི་རུང་།
  དོན་ཚན་ང་བརྒྱད་པ། ནར་མ་སོན་པའི་མིའི་ཉེས་བསགསཀྱི་གྱོད་དོན་ཐད་གསར་འགྱུར་གནད་འཕྲིན་སྤེལ་མཁན་དང་། གློག་བརྙན་དང་བརྙན་འཕྲིན་ལེ་ཚན། ཡོངས་གྲགས་ཀྱི་དཔེ་སྐྲུན་ཡིག་རིགས། དྲ་སྦྲེལ་སོགས་ནས་ནར་མ་སོན་པའི་སྐྱེ་བོ་དེའི་མིང་། སྡོད་གནས། འདྲ་པར། པར་རིས་དང་དེ་བཞིན་ནར་མ་སོན་པའི་མི་དེ་སུ་ཡིན་པ་ཚོད་དཔག་བྱེད་ཐུབ་ཤས་ཆེ་བའི་དཔྱད་ཡིག་བཅས་ཡོངས་བསྒྲགས་བྱས་མི་ཆོག
  དོན་ཚན་ང་དགུ་པ། ནར་མ་སོན་པའི་མིའི་སྤྱོད་ཚུལ་ངན་པ་ཚབས་ཆེན་བཅོས་བསྲང་དང་ཉེས་གསོག་སྤྱོད་ཚུལ་སྔོན་འགོག་བྱེད་པར་ནར་མ་སོན་པའི་མིའི་བྱས་ཉེས་སྔོན་འགོག་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་ནང་འཁོད་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ།

ལེའུ་དྲུག་པ། ཁྲིམས་ལུགས་ཐོག་ནས་འགན་འཁྲིའི་སྐོར།

དོན་ཚན་དྲུག་ཅུ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བར་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་རིགས་ཡིན་ཕྱིན་གཏན་འབེབས་དེ་གཞིར་འཛིན་རྒྱུ་དང་། ལུས་ཁམས་དང་རྒྱུ་ནོར་ཐད་ཀྱི་གྱོང་གུན་བཟོས་པའམ་གནོད་སྐྱོན་གཞན་དག་བཟོས་པ་ཡིན་ན་བཅའ་ཁྲིམས་ལྟར་དམངས་དོན་གྱི་འགན་ཁག་འཁུར་དགོས་པ་དང་། བྱས་ཉེས་སུ་གྲུབ་པར་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།

དོན་ཚན་རེ་གཅིག་པ། རྒྱལ་ཁབ་གཞུང་གི་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་བཅའ་ཁྲིམས་ལྟར་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་འགན་འཁྲི་མ་བསྒྲུབ་པའམ་ཡང་ན་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བའམ་ཡང་ན་གནས་ལུགས་ཡོང་རྐྱེན་ཞུ་བ་དང་། ཞུ་གཏུག་བྱེད་པ། ཉེས་སྐྱོན་ཐེར་འདོན་བྱེད་མི་བཅས་ལ་རྡུང་རྡེག་འཁོན་སློག་བྱས་པར་དེ་གནས་པའི་ཚན་པའམམ་གོང་རིམ་ལས་ཁུངས་ཀྱིས་ལེགས་བཅོས་བྱེད་འགན་དཀྲི་རྒྱུ། འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་། ཁག་འགན་ཐད་ཀར་འཁུར་མི་གཞན་དག་ལ་བཅའ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ།

དོན་ཚན་རེ་གཉིས་པ། ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་དག་གིས་བཅའ་ཁྲིམས་ལྟར་ལྟ་སྐྱོང་བྱ་རྒྱུའི་འགན་འཁྲི་མ་བསྒྲུབ་པའམ་ཡང་ན་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ན་དེ་གནས་པའི་སྡེ་ཚན་ནམ་གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་གིས་ཁ་ཏ་བསླབ་བྱ་དང་བཀག་འགོག་བྱ་རྒྱུ་དང་། བདེ་སྲུང་དོ་དམ་དང་འགལ་བའི་སྤྱོད་ཚུལ་དུ་གྲུབ་པར་སྤྱི་བདེ་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་སྲིད་འཛིན་ཆད་པ་གཅོད་རྒྱུ།
  དོན་ཚན་རེ་གསུམ་པ། སློབ་གྲྭ་དང་། བྱིས་པ་ཁང་། བུ་བཅོལ་ཁང་བཅས་ཀྱིས་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བར་སློབ་གསོའི་སྲིད་འཛིན་སྡེ་ཁག་གམ་འབྲེལ་ཡོད་ཚན་པ་གཞན་དག་གིས་ལེགས་བཅོས་བྱེད་འགན་དཀྲི་རྒྱུ་དང་། བྱས་ཉེས་ཚབས་ཆེན་བསགས་རིགས་ལ་འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་མི་གཞན་དག་ལ་བཅའ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།
  སློབ་གྲྭ་དང་། བྱིས་པ་ཁང་། བུ་བཅོལ་ཁང་བཅས་ཀྱི་དགེ་རྒན་ལས་བཟོ་བས་ནར་མ་སོན་པའི་མིར་ལུས་ཆད་བཅད་པ་དང་རྣམ་པ་བསྒྱུར་བའི་ལུས་ཆད་བཅད་པའམ་ཡང་ན་མིའི་ངོ་ལ་བརྙས་བཅོས་བྱས་པའི་སྤྱོད་ཚུལ་གཞན་དག་ཡོད་པར་དེ་གནས་པའི་ཚན་པའམམ་གོང་རིམ་ལས་ཁུངས་ཀྱིས་ལེགས་བཅོས་བྱེད་འགན་དཀྲི་རྒྱུ་དང་། བྱས་ཉེས་ཚབས་ཆེན་བསགས་རིགས་ལ་བཅའ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།
  དོན་ཚན་རེ་བཞི་པ། ནར་མ་སོན་པའི་མིར་འདོད་ལོག་ཆགས་སྲེད་དང་། དྲག་ཤུགས། དམར་གསོད། འཇིགས་སྐུལ། རྒྱན་འགྱེད་སོགས་ཀྱི་དཔེ་དེབ་དང་། ཚགས་པར། དུས་དེབ། སྒྲ་ཕའབ་བརྙན་ཕབ་ཐོན་རྫས། གློག་རྡུལ་པར་སྐྲུན་དངོས་རྫས་དང་དེ་བཞིན་དྲ་འབྲེལ་གྱི་ཆ་འཕྲིན་སོགས་བཟོས་པའམ་བཙོང་པ། བོགས་མར་བཏང་བའམ་བྱ་ཐབས་གཞན་དག་སྤྱད་དེ་ཁྱབ་སྤེལ་བྱས་པར་དོ་དམ་པས་ལེགས་བཅོས་བྱེད་འགན་དཀྲི་རྒྱུ་དང་བཅའ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།

དོན་ཚན་རེ་ལྔ་པ། ནར་མ་སོན་པའི་མིས་སྤྱོད་པའི་བཟའ་ཆས་དང་། སྨན་རྫས། རྩེད་ཆས། མཁོ་ཆས། རྩེད་མོའི་སྒྲིག་བཀོད་བཅས་ཐོན་སྐྱེད་དང་ཕྱིར་འཚོང་བྱས་རིགས་རྒྱལ་ཁབ་ཀྱི་ཚད་གཞིའམ་ལས་རིགས་ཀྱི་ཚད་གཞི་དང་མི་མཐུན་པའམ་ཡང་ན་མངོན་པར་གསལ་བའི་གནས་སུ་དོ་སྣང་བྱ་དགོས་དོན་གསལ་འགོད་བྱས་མེད་པར་དོ་དམ་པས་ལེགས་བཅོས་བྱེད་འགན་དཀྲི་རྒྱུ་དང་བཅའ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།
  དོན་ཚན་རེ་དྲུག་པ། སློབ་གྲྭ་འབྲིང་ཆུང་གི་སློབ་རའི་མཐའ་འཁོར་དུ་ཚོང་གཉེར་གྱི་རང་བཞིན་ལྡན་པའི་གླུ་གར་རོལ་རྩེད་བྱེད་གནས་དང་། དྲ་སྦྲེལ་གྱི་དྲ་རྩེད་ཞབས་ཞུའི་ཚོང་གཉེར་བྱེད་གནས་སོགས་ནར་མ་སོན་པའི་མིས་བྱེད་སྒོ་སྤེལ་བར་མི་འཚམ་པའི་བྱེད་སྒོ་སྤེལ་གནས་བཙུགས་པར་དོ་དམ་པས་སྒོ་རྒྱག་རྒྱུ་དང་། བཅའ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ། ཚོང་གཉེར་གྱི་རང་བཞིན་ལྡན་པའི་གླུ་གར་རོལ་རྩེད་བྱེད་གནས་དང་། དྲ་སྦྲེལ་གྱི་དྲ་རྩེད་ཞབས་ཞུའི་ཚོང་གཉེར་བྱེད་གནས་སོགས་ནར་མ་སོན་པའི་མིས་བྱེད་སྒོ་སྤེལ་བར་མི་འཚམ་པའི་བྱེད་སྒོ་སྤེལ་གནས་སུ་ནར་མ་སོན་པའི་མི་འགྲོ་རུ་བཅུག་པའམ་ཡང་ན་མངོན་པར་གསལ་བའི་གནས་སུ་ནར་མ་སོན་པའི་མི་འགྲོ་མི་ཆོག་པའི་མཚོན་རྟགས་བསྟན་མེད་པར་དོ་དམ་པས་ལེགས་བཅོས་བྱེད་འགན་དཀྲི་རྒྱུ་དང་བཅའ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།
  དོན་ཚན་རེ་བདུན་པ། ནར་མ་སོན་པའི་མིར་ཐ་མག་དང་ཆང་རག་བཙོང་པའམ་ཡང་ན་མངོན་པར་གསལ་བའི་གནས་སུ་ནར་མ་སོན་པའི་མིར་ཐ་མག་དང་ཆང་རག་མི་བཙོམ་བའི་མཚོན་རྟགས་བསྟན་མེད་པར་དོ་དམ་པས་ལེགས་བཅོས་བྱེད་འགན་དཀྲི་རྒྱུ་དང་བཅའ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།
  དོན་ཚན་རེ་བརྒྱད་པ། ཁྲིམས་དང་མ་མཐུན་པར་ལོ་བཅུ་དྲུག་ཧྲིལ་པོ་ལོན་མེད་པའི་ནར་མ་སོན་པའི་མི་སྐོང་འགུགས་བྱས་པའམ་ཡང་ན་ལོ་བཅུ་དྲུག་ཧྲིལ་པོ་ལོན་པའི་ནར་མ་སོན་པའི་མི་སྐོང་འགུགས་ཀྱིས་ལས་ཀ་ལྕི་དྲགས་པ་དང་། དུག་དང་ལྡན་པ། གནོད་སྐྱོན་ལྡན་པ་སོགས་ནར་མ་སོན་པའི་མིའི་ལུས་སེམས་གཉིས་བདེ་ཡོང་བར་གནོད་པའི་ངལ་རྩོལ་ལམ་ཉེན་ཁ་ཡོད་པའི་ལས་ཀ་བྱེད་དུ་བཅུག་པར་ངལ་རྩོལ་འགན་སྲུང་སྡེ་ཁག་གིས་ལེགས་བཅོས་བྱེད་འགན་དཀྲི་རྒྱུ་དང་། དངུལ་ཆད་གཅོད་རྒྱུ། བྱས་ཉེས་ཚབས་ཆེན་བསགས་རིགས་ལ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཚོང་གཉེར་ལག་འཁྱེར་རྩིས་མེད་དུ་གཏོང་རྒྱུ།
  དོན་ཚན་རེ་དགུ་པ། ནར་མ་སོན་པའི་མིའི་གསང་དོན་ལ་གནོད་འཚེ་བཏང་ནས་བདེ་སྲུང་དོ་དམ་དང་འགལ་བའི་སྤྱོད་ཚུལ་དུ་གྲུབ་པར་སྤྱི་བདེ་ལས་ཁུངས་ནས་བཅའ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།
  དོན་ཚན་བདུན་ཅུ་པ། ནར་མ་སོན་པའི་མིའི་རོགས་སྐྱོབ་སྒྲིག་གཞི་དང་བྱིས་པའི་ཕན་བདེའི་སྒྲིག་གཞི་དང་དེའི་ལས་བྱེད་པས་བཅའ་ཁྲིམས་ལྟར་ནར་མ་སོན་པའི་མིར་རོགས་སྐྱོབ་དང་སྲུང་སྐྱོབ་ཀྱི་འགན་འཁྲི་མ་འཁུར་བའམ་ནར་མ་སོན་པའི་མིར་སྡུག་གཅོད་དང་མཐོང་ཆུང་ངམ་ཡང་ན་བསྡུ་ཉར་གསོ་སྐྱོང་གི་ལས་ཀ་བྱེད་རིང་ཁེ་ཕན་ཧམ་གཉེར་གྱི་ལས་ཀ་བྱས་པར་དོ་དམ་པས་ལེགས་བཅོས་བྱེད་འགན་དཀྲི་རྒྱུ་དང་བཅའ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།
  དོན་ཚན་དོན་གཅིག་པ། ནར་མ་སོན་པའི་མིར་བཙན་ཤེད་དང་། མགོ་སྐོར་བསླུ་བྲིད་གཏོང་བ། བཙན་སྐུལ་གྱིས་སློང་མོར་གཏོང་བའམ་ནར་མ་སོན་པའི་མི་སྒྲིག་འཛུགས་བྱས་ནས་དེའི་ལུས་སེམས་གཉིས་བདེ་ཡོང་བར་གནོད་པའི་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རིགས་ལ་སྤྱི་བདེ་ལས་ཁུངས་ནས་བཅའ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།

ལེའུ་བདུན་པ། ཞར་བྱུང་དོན་ཚན།

དོན་ཚན་དོན་གཉིས་པ། བཅའ་ཁྲིམས་འདི2013ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་ནོ། །

རྩོམ་སྒྲིག་པ། ཁོན་ཐར་འཚོ།