འཕྲོག་བཅོམ་གྱི་ནག་ཉེས་ཞེས་པ་ནི་ཁྲིམས་འགལ་ངང་བདག་གིར་འཛིན་རྒྱུ་དམིགས་ཡུལ་དུ་བཟུང་ནས་རྒྱུ་དངོས་ཀྱི་བདག་པོ་དང་དོ་དམ་བྱེད་མཁན། ལྟ་སྐྱོང་བྱེད་མཁན་བཅས་ལ་དྲག་ཤུགས་དང་བཙན་ཤེད། ཡང་ན་བྱེད་ཐབས་གཞན་དག་སྤྱད་དེ་གཞུང་སྒེར་གྱི་རྒྱུ་དངོས་བཙན་འཕྲོག་བྱས་པའི་བྱ་སྤྱོད་ལ་ཟེར་ཞིང་། བྱེད་ཐབས་གཞན་ཞེས་པ་ནི་དྲག་ཤུགས་དང་བཙན་ཤེད་ཀྱི་བྱེད་ཐབས་ཕུད། རྒྱུ་དངོས་ཀྱི་བདག་པོ་དང་དོ་དམ་བྱེད་མཁན། ལྟ་སྐྱོང་བྱེད་མཁན་བཅས་ཀྱིས་འགོག་རྒོལ་མི་ཤེས་པའམ་ནུས་པ་ཤོར་བའི་བྱེད་ཐབས་སྣ་ཚོགས་ལ་བརྟེན་པ་སྟེ། དཔེར་ན། ཆང་གིས་མི་བཟི་རུ་འཇུག་པ་དང་སྨན་གྱིས་མི་བཟི་རུ་འཇུག་པ་སོགས་ལ་ཟེར། རང་རྒྱལ《ཉེས་ཁྲིམས》ཀྱི་དོན་ཚན263པའི་གཏན་འཁེལ་ལྟར་ན། དྲག་ཤུགས་དང་བཙན་ཤེད་དམ་བྱེད་ཐབས་གཞན་དག་ལ་བརྟེན་ནས་གཞུང་སྒེར་གྱི་རྒྱུ་ནོར་འཕྲོག་བཅོམ་བྱས་པའི་རིགས་ལ་དུས་བཀག་བཙོན་འཇུག་ལོ3ཡན་ནས་ལོ10མན་བར་གྱི་ཉེས་ཆད་གཅད་པའམ་ཡང་ན་དངུལ་ཆད་ཀྱང་གཅད་རྒྱུ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་དུས་བཀག་བཙོན་འཇུག་ལོ10ཡན་དང་ཚེ་བཙོན་ནམ་སྲོག་ཁྲིམས་ཀྱི་ཉེས་ཆད་གཅད་པར་མ་ཟད། དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་ཀྱང་གཅད་རྒྱུ་སྟེ། (1) ཁྱིམ་དུ་འཛུལ་ནས་འཕྲོག་བཅོམ་བྱས་པ། (2) སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དུ་འཕྲོག་བཅོམ་བྱས་པ། (3) དངུལ་ཁང་ངམ་དངུལ་རྩའི་ལས་ཁུངས་གཞན་དག་ཏུ་འཕྲོག་བཅོམ་བྱས་པ། (4) འཕྲོག་བཅོམ་ཐེངས་མང་བྱས་པའམ་ཡང་ན་གྲངས་འབོར་ཧ་ཅང་ཆེན་པོ་འཕྲོག་བཅོམ་བྱས་པ། (5) འཕྲོག་བཅོམ་བྱས་ནས་མི་ལ་རྨས་སྐྱོན་ཚབས་ཆེན་བཟོས་པ་དང་ཤི་སྐྱོན་བྱུང་བ། (6) དམག་མི་དང་ཉེན་རྟོག་པ་བརྫུས་ནས་འཕྲོག་བཅོམ་བྱས་པ། (7) མེ་མདའ་བཟུང་ནས་འཕྲོག་བཅོམ་བྱས་པ། (8) དམག་སྤྱོད་དངོས་རྫས་སམ་ཉེན་སེལ་དང་གེགས་སེལ་བཅས་ཀྱི་དངོས་རྫས་འཕྲོག་བཅོམ་བྱས་པ་བཅས་ཡིན།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།