ཁྲིམས་ཁང་གི་དཔྱད་མཚམས་ལག་བསྟར་མ་བྱས་ན་ནག་ཉེས་སུ་གྲུབ་བམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་ནི་སྔོན་ཆད་ཀུང་སི་ཞིག་གི་རླངས་འཁོར་ཁ་ལོ་བ་ཡིན་ཞིང་། དུས་རྒྱུན་ལས་ཚོགས་ཀྱི་དུས་ཚོད་ལ་ངེས་གཏན་ཅི་ཡང་མེད་པར་ལས་སྣོན་བྱ་དགོས་པས་ཅུང་ཁག་པོ་འདུག་བསམས་ཏེ་བྱ་བ་བསྐྱུར་བ་ཡིན། ཕྱིས་སུ་དུས་ཡུན་རིང་པོ་མ་འགོར་བར་ངས་གླ་གཏོང་ཀུང་སི་ཞིག་དང་ངལ་རྩོལ་གན་རྒྱ་བཞག་སྟེ་གླ་གཏོང་བསྐོར་ཞིང་། ཐེངས་ཤིག་ལ་ངས་མགྲོན་པོ་ཞིག་མེ་འཁོར་འབབ་ཚུགས་སུ་སྐྱེལ་ནས་འགྲོ་དུས། མགྲོན་པོས་ང་ལ་མགྱོགས་ཙམ་གྱིས་དང་མེ་འཁོར་རྗེས་ཆོད་དགོས་ཟེར། དེ་བས་ངས་ཀྱང་མགྱོགས་པོར་བསྐོར་ནས་བཞི་མདོ་ཞིག་ཏུ་སླེབས་ཙ་ན། རླངས་འཁོར་དང་མི་འགྲོ་འོང་བྱེད་པ་ཤིན་ཏུ་ཉུང་བས་གློག་དམར་བརྒལ་ཏེ་ལྕགས་རྟ་ཞོན་མཁན་ཞིག་དང་གདོང་ཐུག་བརྒྱབ། ཕྱིས་སུ་འགྲིམ་འགྲུལ་དོན་རྐྱེན་འགན་འཁྲིའི་ངོས་འཛིན་ཡི་གེ་ལས་ངོས་འཛིན་བྱས་པ་ལྟར་ན། ངས་དོན་རྐྱེན་གྱི་འགན་ཡོད་ཚད་འཁུར་དགོས་པའི་ཐག་བཅད་འདུག ལྕགས་རྟ་ཞོན་མཁན་གྱིས་ང་དང་གླ་གཏོང་ཀུང་སི་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཏེ་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན་པ་དང་། མཇུག་མཐར་ཁྲིམས་ཁང་གིས་གླ་གཏོང་ཀུང་སིས་ལྕགས་རྟ་ཞོན་མཁན་ལ་སྒོར་ཁྲི8ཀྱིས་སྐྱིན་ཚབ་གཞལ་དགོས་པའི་དཔྱད་མཚམས་བཏང་། ཡིན་ན་ཡང་གླ་གཏོང་ཀུང་སིས་ཁྲིམས་ཁང་གི་དཔྱད་མཚམས་ལྟར་ལག་བསྟར་གཏན་ནས་མ་བྱས། རྒྱུ་མཚན་ནི་གློ་དམར་བརྒལ་ཏེ་འགྲིམ་འགྲུལ་དོན་རྐྱེན་སློང་མཁན་ནི་ཁ་ལོ་བ་ཡིན་པས། སྐྱིན་ཚབ་གཞལ་འགན་ཡོད་ཚད་ཁ་ལོ་བས་འཁུར་དགོས་ལ་གླ་གཏོང་ཀུང་སི་དང་འབྲེལ་བ་ཏོག་ཙམ་མེད་པས་ཡིན་ཟེར། ཕྱིས་སུ་ཁྲིམས་ཁང་གིས་བསྐྱར་དུ་དཔྱད་མཚམས་ལག་ཏུ་བསྟར་དགོས་པའི་བརྡ་བཏང་ནའང་། གླ་གཏོང་ཀུང་སིས་སྔར་བཞིན་ཁྲིམས་ཁང་གི་དཔྱད་མཚམས་ལག་བསྟར་མ་བྱས། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་གླ་གཏོང་ཀུང་སིའི་བྱ་སྤྱོད་དེ་ནག་ཉེས་སུ་གྲུབ་བམ། དེ་དང་རྐྱེན་བྱས་ནས་ཉེས་དོན་འགན་འཁྲི་ཅི་ཞིག་འཁུར་དགོས།

ཞེས་བསམ་འགྲུབ་ཀྱིས།

བློ་བསམ་འགྲུབ་ལགས།

རང་རྒྱལ《ཉེས་ཁྲིམས》 ཀྱི་དོན་ཚན313པའི་གཏན་འཁེལ་ལྟར་ན། “མི་དམངས་ཁྲིམས་ཁང་གི་དཔྱད་མཚམས་དང་བཀའ་བཅད་ལག་བསྟར་བྱེད་ནུས་ཡོད་ཀྱང་ལག་བསྟར་མི་བྱེད་པའི་ཉེས་ཚབས་ཆེ་རིགས་ལ། དུས་བཀག་བཙོན་འཇུག་ལོ3མན་དང་བཙན་ཉར་ལས་སྐུལ་ལམ་དངུལ་ཆད་གཅད་རྒྱུ་དང་། ཉེས་ཚབས་ཤིན་ཏུ་ཆེ་རིགས་ལ་དུས་བཀག་བཙོན་འཇུག་ལོ3ནས་ལོ7མན་བར་གྱི་ཉེས་ཆད་གཅད་རྒྱུ་དང་དངུལ་ཆད་བཅས་མཉམ་དུ་གཅད་རྒྱུ། ལས་ཁུངས་ཀྱིས་གོང་གསལ་དོན་ཚན་གྱི་ནག་ཉེས་བསགས་ན། ལས་ཁུངས་ལ་དངུལ་ཆད་གཅད་དགོས་པར་མ་ཟད་ཐད་ཀར་འགན་འཁུར་ཡོད་པའི་གཙོ་སྐྱོང་མཁན་དང་གཞན་པའི་འགན་འཁུར་མཁན་ལ་གོང་གསལ་གྱི་དོན་ཚན་གཏན་འཁེལ་ལྟར་ཆད་པ་གཅད་དགོས”ཞེས་བཀོད་ཡོད།

གོང་གི་གྱོད་དོན་འདིའི་ཁྲོད། གླ་གཏོང་ཀུང་སིས་ཁྲིམས་ཁང་གི་དཔྱད་མཚམས་གཏན་ནས་ལག་བསྟར་མི་བྱེད་པ་ནི། བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན་གཏན་ནས་ལག་བསྟར་མི་བྱེད་པའི་དཔྱད་མཚམས་ནག་ཉེས་སུ་གྲུབ་ཡོད་པས། ཁྲིམས་བཀོད་ལྟར་གླ་གཏོང་ཀུང་སིར་དངུལ་ཆད་གཅད་དགོས་པར་མ་ཟད་གླ་གཏོང་ཀུང་སིའི་ཐད་ཀར་འགན་འཁུར་ཡོད་པའི་གཙོ་སྐྱོང་མཁན་དང་གཞན་པའི་འགན་འཁུར་མཁན་ལ་དུས་བཀག་བཙོན་འཇུག་ལོ3མན་དང་བཙན་ཉར་ལས་སྐུལ་ལམ་དངུལ་ཆད་བཅས་གཅད་རྒྱུ་དང་། གལ་ཏེ་ཉེས་ཚབས་ཤིན་ཏུ་ཆེ་རིགས་ལ་དུས་བཀག་བཙོན་འཇུག་ལོ3ནས་ལོ7མན་བར་གྱི་ཉེས་ཆད་གཅད་རྒྱུ་དང་དངུལ་ཆད་བཅས་མཉམ་དུ་གཅད་རྒྱུ། ཁྲིམས་ཁང་གིས་གྱོད་དོན་འདྲི་གཅོད་བྱེད་པར་མ་ཟད་གྱོད་དོན་ལ་དཔྱད་མཚམས་གཏོང་བ་ནི་སྤྱི་ཚོགས་ཀྱི་རྩོད་གཞི་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་ཡིན་ལ། རྩོད་གཞི་ཐག་གཅོད་བྱེད་པའི་ཐབས་ལམ་སྣ་ཚོགས་ཁྲོད་ཁྲིམས་འཛིན་གྱི་དབང་གྲགས་ཆེ་ཤོས་ལྡན་པའི་རིགས་ཤིག་ཀྱང་ཡིན། ཁྲིམས་ཁང་གིས་དཔྱད་མཚམས་དང་བཀའ་བཅད་ནི་བལྟོས་བཅས་ཀྱིས་དྲང་གཞག་དང་དྲང་བདེན་ཡིན་པས། རྒྱལ་ཁབ་ཀྱི་བཙན་ཤུགས་རྒྱབ་རྟེན་བྱས་ཏེ། མི་སྒེར་དང་ལས་ཁུངས་སུ་ཞིག་ཡིན་རུང་ཚང་མས་གཏན་འཁེལ་བྱས་པའི་དུས་བཀག་ནང་ཁྲིམས་ཁང་གི་བཀའ་བཅད་ལག་བསྟར་བྱས་ནས། ཁྲིམས་འཛིན་གྱི་དབང་གྲགས་སྲུང་སྐྱོང་བྱ་དགོས་ལ་དེ་ནི་བཅའ་ཁྲིམས་ཀྱིས་བསྩལ་བའི་འོས་འགན་ཞིག་ཀྱང་ཡིན། མི་སྒེར་དང་ལས་ཁུངས་ཀྱིས་ཁྲིམས་ཁང་གི་དཔྱད་མཚམས་ལག་བསྟར་མི་བྱེད་པ་ནི་བཅའ་ཁྲིམས་ཀྱི་ལ་རྒྱ་དང་དབང་གྲགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཅིག་ཡིན། གལ་ཏེ་དེའི་རིགས་ལ་ཉེས་ཆད་མ་བཅད་ན། བཅའ་ཁྲིམས་ཟེར་བ་མིང་སྟོང་དུ་གྱུར་ནས་ཁྲིམས་ཁང་གི་དཔྱད་མཚམས་དང་བཀའ་བཅད་ཚང་མ་དོན་ཐོག་ཏུ་འཁྱོལ་མི་ཐུབ་པས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དེ་བས་ཀྱང་ཕན་ཐོགས་མེད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།