མངགས་བཅོལ་བྱས་ནས་ལྟ་རུ་བཅུག་པའི་དངོས་པོ་བརྐུས་ལ་ཤོར་ན་སྐྱིན་ཚབ་གཞལ་འགན་འཁུར་དགོས་སམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

གྱོད་དཔེ།

དབང་ལོ་ནང་ལོགས་ཀྱི་གྲོང་ཁྱེར་ཞིག་ལ་ཚོང་ལས་གཉེར་དུ་འགྲོ་དགོས་པས། ཉིན་དེའི་དུས་ཚོད་བཅུའི་སྟེང་གི་མེ་འཁོར་ལ་བསྡད་དེ་ཕ་ཡུལ་དང་ཉེ་མི་དག་འཕོངས་ཀྱི་རྡོ་བཞིན་བསྐྱུར་ཏེ་སོང་ནས་ཡུན་རིང་མ་འགོར་བར། མེ་འཁོར་དུ་སྔོན་ཆད་ཀྱི་གྲོགས་པོ་ཀླུ་རྒྱལ་དང་འཕྲད་དེ་ཁ་བརྡ་སྣ་ཚོགས་བྱས་ནས་དུས་ཚོད་གཅིག་ལྷག་ཇི་ལྟར་སོང་བའང་མ་ཤེས། སྐབས་དེར་དབང་ལོ་ཆབ་གསང་བྱེད་དུ་འགྲོ་དགོས་པས་ཁུག་མ་ཆེ་ཆུང་གཉིས་ཡོད་པ་དེ་ཀླུ་རྒྱལ་ལ་བཅོལ་ཞིང་། ཀླུ་རྒྱལ་ཁ་པར་དུ་རོལ་རྩེད་ཅིག་ལ་མགོ་འཁོར་ནས་ཁུག་མར་བལྟ་རྒྱུ་བརྗེད་སོང་སྟབས། དབང་ལོ་ཆབ་གསང་ལས་ཕྱིར་ཐོན་དུས་ཁུག་མ་མེད་པ་མཐོང་རྗེས། ཁོ་གཉིས་ཀས་མེ་འཁོར་དུ་ཇི་ལྟར་བཙལ་ཡང་མ་རྙེད་པས་དབང་ལོ་ཁོང་ཁྲོ་དང་བཅས་ཏེ་ལེ་བདའ་གང་མང་བྱས་ནས་ཀླུ་རྒྱལ་ལ་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན་པ་ན། ཁོས་དབང་ལོར་རོགས་རམ་བྱས་ནས་ཁུག་མར་བལྟས་པ་ལས་སྐྱིན་ཚབ་གཞལ་འགན་མེད་པར་སྙམ།

བཅའ་ཁྲིམས་དབྱེ་ཞིབ།

ཀླུ་རྒྱལ་གྱིས་སྐྱིན་ཚབ་གཞལ་འགན་འཁུར་དགོས། གྱོད་དོན་འདིའི་ཁྲོད་དུ། དབང་ལོས་ཀླུ་རྒྱལ་ལ་ཁུག་མ་ལྟ་རྟོག་བྱེད་དུ་བཅུག་དུས། ཁོ་གཉིས་ཀའི་བར་དུ་དོ་དམ་གན་རྒྱ་བཞག་པའི་བསམ་ཚུལ་མཚོན་པ་དང་དོ་དམ་གན་རྒྱ་གྲུབ་པའང་མངོན་གསལ་ཡིན།  དེར་བརྟེན། ཀླུ་རྒྱལ་ལ་དབང་ལོའི་ཁུག་མ་དོ་དམ་འོས་འཚམ་བྱེད་པའི་འོས་འགན་ཡོད། ཡིན་ན་ཡང་དབང་ལོ་ཆབ་གསང་ལ་སོང་བའི་བར་གླགས་དེར་ཀླུ་རྒྱལ་གྱིས་ཁ་པར་རྩེ་བར་བྲེལ་ནས་ཁུག་མར་དོ་དམ་ལེགས་པོ་མ་བྱས་པས་བརྐུས་ལ་ཤོར་དུ་བཅུག་པའི་བྱ་སྤྱོད་ལ་ནོར་འཛོལ་ཚབས་ཆེན་ཡོད་པ་མངོན་གསལ་རེད། རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན892པ་དང 897པའི་གཏན་འཁེལ་ལྟར་ན།“རིན་མེད་དོ་དམ་གན་རྒྱའི་ཁྲོད་དོ་དམ་དངོས་པོ་བོར་བརླག་བྱུང་བའི་འགན་འཁྲི་མེད་པར་བཟོ་བའི་གནས་ཚུལ་ལ་གཏན་འཁེལ་བྱས་ཡོད་དེ། རིན་མེད་དོ་དམ་བྱེད་མཁན་གྱིས་རང་ཉིད་ལ་བསམ་གཟས་པའམ་ནོར་འཛོལ་ཚབས་ཆེན་མེད་པ་ར་སྤྲོད་བྱེད་ཐུབ་ན་སྐྱིན་ཚབ་གཞལ་འགན་འཁུར་མི་དགོས”ཞེས་བཀོད་ཡོད། དེའི་ཕྱིར་ཀླུ་རྒྱལ་གྱི་བྱ་སྤྱོད་འགན་འཁྲི་མེད་པར་བཟོ་བའི་ཁྱབ་ཁོངས་སུ་མེད་པས་སྐྱིན་ཚབ་གཞལ་འགན་འཁུར་དགོས།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།