རྨས་སྐྱོན་ཕོག་པའི་ལས་བཟོ་པ་ཀུང་སིས་ལས་རྐང་ནས་ཕུད་ཆོག་གམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

བློ་མཐུན་རྩོམ་སྒྲིག་པ་ལགས།

ངས་ས་གནས་ཀྱི་ལུད་རྫས་ཀུང་སི་ཞིག་ཏུ་བྱ་བ་བསྒྲུབས་ནས་ལོ20ལྷག་འགོར་ཡོད་པར་མ་ཟད། ཀུང་སིའི་བྱ་བའི་གོ་རིམ་ཆ་ཚང་བློ་ལ་འཇགས་ཡོད་པའི་ལས་བཟོ་པ་རྒན་པ་ཞིག་ཀྱང་ཡིན། ཉིན་ཞིག་ང་དང་ཆུང་མ་གཉིས་ཀྱིས་བདེ་སྐྱིད་སྤྱི་གླིང་དུ་འཆམ་འཆམ་བྱེད་པའི་ཁྲོད།མཉམ་མ་བཞག་པར་ཐང་ལ་འགྱེལ་ནས་རྐེད་པར་རྨས་སྐྱོན་ཚབས་ཆེན་བཟོས། དེའི་ཕྱིར་སྨན་ཁང་དུ་སྨན་བཅོས་བྱས་ནས་རྨས་སྐྱོན་ལ་དྲག་སྐྱེད་བྱུང་ནའང་ང་རང་ལོ་ན་ཅུང་མཐོ་བའི་རྐྱེན་གྱིས་རྐེད་པ་ན་བའི་ནད་རྙིང་ལུས་པས། ཀུང་སིའི་སྔོན་གྱི་ལས་རྐང་གི་བྱ་བ་སྒྲུབ་ཐབས་བྲལ། ཕྱིས་སུ་ཀུང་སིའི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ང་ལ་གཟིགས་སྐྱོང་བྱ་ཆེད། ཀུང་སིའི་ལྟ་སྲུང་ཁང་དུ་བཀོད་སྒྲིག་བྱས་ཤིང་ཉིན་རྒྱུན་ཡར་རྒྱུག་མར་རྒྱུག་བྱ་མི་དགོས་པར་གནས་གཅིག་ཏུ་བསྡད་ནས་བྱ་བ་བསྒྲུབ་ཆོག ཡིན་ན་ཡང་ང་ལ་མཚོན་ན་རྐེད་པའི་རྨས་སྐྱོན་གྱིས་གནས་གཅིག་ཏུ་དུས་ཚོད་རིང་བོར་འདུག་མི་ཉན་པས་རྟག་ཏུ་ཕྱི་རོལ་ནས་ཡར་འགུལ་མར་འགུལ་བྱ་དགོས་མོད། འོན་ཀྱང་ལྟ་སྲུང་ཁང་གི་ལས་གནས་ངེས་པར་བསྲུངས་ནས་འདུག་དགོས་པས་ངས་བྱ་བ་དེ་དང་ལེན་མ་བྱས། དེར་བརྟེན། ཀུང་སིའི་མགོ་ཁྲིད་ཀྱིས་གལ་ཏེ་ངས་ལུས་ཤུགས་འདོན་མི་དགོས་པའི་བྱ་བ་ཡང་མོའང་བསྒྲུབ་མི་ཐུབ་ཚེ་ལས་ཁུངས་ནས་ཕྱིར་ཕུད་གཏོང་རྩིས་བྱས། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ལས་བཟོ་པར་བྱ་བའི་རྐྱེན་མིན་པར་རྨས་སྐྱོན་བཟོས་ནས་བྱ་བ་བསྒྲུབ་མ་ཐུབ་ན་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ཇི་ལྟར་བྱ།

ཞེས་ཀུན་བཟང་གིས།

བློ་མཐུན་ཀུན་བཟང་ལགས།

ངལ་རྩོལ་པར་ནད་ཕོག་པའམ་ལས་ཀའི་རྐྱེན་གྱིས་རྨས་སྐྱོན་ཕོག་ཚེ། གཏན་འཁེལ་བྱས་པའི་སྨན་བཅོས་དུས་ཡུན་ལོངས་རྗེས་དུས་ཐོག་ཏུ་ལས་གནས་སུ་ལོག་ནས་བྱ་བ་བསྒྲུབ་དགོས། ཡིན་ན་ཡང་མི་ཞིག་ལ་ནད་ཕོག་པའམ་རྨས་སྐྱོན་ཕོག་རྗེས། དྲག་སྐྱེད་བྱུང་ནའང་ལུས་སྟོབས་དང་རྩལ་ནུས་ཀྱི་ཐད་ནས་སྔོན་ཆད་དང་མི་འདྲ་སྟེ། ངལ་རྩོལ་པས་སྔོན་ལྟར་ལག་རྩལ་དང་ལུས་སྟོབས་ཀྱི་བྱ་བ་ཁ་ཤས་བསྒྲུབ་མི་ཐུབ་པའི་གནས་ཚུལ་བྱུང་ན། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་པའི་གནས་ཚུལ་དངོས་ལ་གཞིགས་ནས་ངལ་རྩོལ་ལས་གནས་བསྒྱུར་ཏེ་དེའི་འཇོན་ཐང་འདོན་སྤེལ་གང་ལེགས་བྱེད་དུ་འཇུག་དགོས། ཁྱོད་ཀྱི་ལས་ཁུངས་ཀྱི་བྱ་བ་ནི་ལག་རྩལ་དང་ལུས་ཤུགས་གདོན་དགོས་པའི་རིགས་སུ་གཏོགས་པས། ལས་རྨས་མིན་པའི་རྨས་སྐྱོན་དྲག་རྗེས་ལུས་སྟོབས་ཇེ་ཞན་དུ་གྱུར་ནས་ལུས་ཤུགས་འདོན་པའི་བྱ་བ་བསྒྲུབས་མི་ཐུབ་པས། ལས་ཁུངས་མགོ་ཁྲིད་ཀྱིས་ཁྱོད་ལྟ་སྲུང་ཁང་དུ་བཀོད་སྒྲིག་བྱས་པ་ནི་ཁྱོད་ལ་གཟིགས་སྐྱོང་བྱས་པ་མཚོན་ཡོད། ཡིན་ན་ཡང་ལྟ་སྲུང་ཁང་གི་བྱ་བ་དེར་མི་ཞིག་དུས་དང་རྣམ་པ་ཀུན་ཏུ་ལས་གནས་སུ་སྡོད་དགོས་ཤིང་། ཁྱོད་ཀྱི་ལུས་ཕུང་འོས་འཚམ་གྱིས་འགུལ་སྐྱོད་བྱ་དགོས་པས་རྒྱུན་དུ་ལས་གནས་སུ་ཡོད་པར་ཁག་ཐེག་བྱེད་མི་ཐུབ་པར་བརྟེན། ལས་གནས་དེ་རུ་བྱ་བ་བསྒྲུབ་པར་ཁས་མ་བླངས། རང་རྒྱལ་གྱི《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན40པའི་གཏན་འཁེལ་ལྟར་ན།   “ངལ་རྩོལ་པར་ནད་ཕོག་པའམ་བྱ་བའི་དབང་གིས་རྨས་སྐྱོན་ཕོག་ནས་གཏན་འཁེལ་བྱས་པའི་སྨན་བཅོས་དུས་ཡུན་ལོངས་རྗེས་སྔོན་གྱི་བྱ་བ་བསྒྲུབ་མི་ཐུབ་པའི་ཁར། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ལོགས་སུ་བཀོད་སྒྲིག་བྱས་པའི་བྱ་བའང་བསྒྲུབ་མི་ཐུབ་ཚེ། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ཉིན30སྔོན་ལ་ཡིག་ཐོག་ནས་ངལ་རྩོལ་པར་བརྡ་གཏོང་བའམ་ངལ་རྩོལ་པར་ཟླ་གཅིག་གི་གླ་ཕོགས་སྤྲད་རྗེས་ངལ་རྩོལ་གན་རྒྱ་ཕྱིར་འཐེན་བྱས་ཆོག”ཅེས་བཀོད་ཡོད། དེར་བརྟེན། ཁྱོད་ཀྱིས་ཀུང་སི་ཡིས་བཀོད་སྒྲིག་བྱས་པའི་ལྟ་སྲུང་ཁང་གི་བྱ་བ་དང་ལེན་མ་བྱས་པས།ཀུང་སིས་བཅའ་ཁྲིམས་ཀྱི་གོ་རིམ་ལྟར་ཁྱོད་ཀྱི་ངལ་རྩོལ་གན་རྒྱ་ཕྱིར་འཐེན་བྱས་ཆོག

ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།