མཐོ་རྒྱུགས་སྐབས་སུ་ཡིད་འཇོག་བྱེད་དགོས་པའི་དོན་ཚན་འགའ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

2024ལོའི་མཐོ་རྒྱུགས་མི་འགྱང་བར་མགོ་བརྩམ་རྒྱུ་ཡིན་པས།  རྒྱ་ཆེའི་རྒྱུགས་སྤྲོད་མཁན་སློབ་མ་རྣམས་ཀྱིས་སྔ་མོ་ནས་རྒྱུན་མཐོང་གི་གནད་དོན་འདི་དག་ཡིད་འཇོག་བྱ་རྒྱུ་ཧ་ཅང་གལ་ཆེན།

       གཅིག སློབ་མ་རྣམས་ཀྱིས་སྔ་མོ་ནས་རྒྱུགས་ལེན་སའི་ས་གནས་དང་། རྒྱུགས་ལེན་པའི་དུས་ཚོད།  རྒྱུགས་རའི་སྒྲིག་ལམ།  རྒྱུགས་རའི་ཨང་རྟགས་ལ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་ཞིབ་ཏུ་བལྟས་ནས་གསལ་བོར་ངེས་དགོས་པ་མ་ཟད། རྒྱུགས་ལེན་སའི་ས་གནས་ཀྱི་གནམ་གཤིས་དང་འགྲུམ་འགྲིལ་ལ་སྔ་མོ་ནས་རྒྱུས་ལོན་བྱས་ཏེ།  འགྲོ་སྐྱོད་རླངས་འཁོར་དང་ལམ་ཐིག་གང་བདེ་སྐོར་སྔ་མོ་ནས་བཀོད་སྒྲིག་བརྒྱབ་ན་ལེགས།   རྒྱུགས་ལེན་པའི་ཉིན་དེར་རྒྱུགས་ལེན་མཁན་ཕྱོགས་ཀྱི་རེ་བ་ལྟར་དུ་སྔ་མོ་ནས་རྒྱུགས་ལེན་སར་བསྐྱོད་དེ།  ཐོབ་ཐང་ཞིབ་བཤེར་དང་བདེ་འཇགས་ཞིབ་བཤེར་བརྒྱུད་དགོས།   གལ་ཏེ་ལམ་བར་དུ་རླངས་འཁོར་འགག་པའམ་ཡང་ན་གནད་དོན་བཞིན་དང་འཕྲད་ཚེ། ལམ་སེང་དེ་དང་ཐག་ཉེ་བའི་འགྲིམ་འགྲུལ་ཉེན་རྟོག་པར་རོགས་རམ་དགོས་པའི་རེ་བ་ཞུས་ཆོག

གཉིས། གྱོན་པའི་ཕྱོགས་ནས་ཡུལ་དེའི་རྒྱུགས་ལེན་ལས་ཁུངས་ཀྱི་འབྲེལ་ཡོད་བླང་བྱ་དང་མཐུན་དགོས། བསམ་ཚུལ་ཡིན་ན་ལྕགས་རིགས་ཀྱི་ལག་གདུབ་དང་། མགུལ་རྒྱན།  སྐྲ་འཛིན་སོགས་རྒྱན་ཆ་མི་འདོགས་པར་ཞུ།

       གསུམ།  རྒྱུགས་རར་མ་ཞུགས་གོང་དུ་མི་ཚོགས་མང་ས་དང་འགྲོ་འོང་ཆེ་སར་མི་སྐྱོད་པ་དང་།  སེམས་ཁམས་སྙོམས་སྒྲིག་བྱས་ཏེ། ཉིན་གྱི་བཟའ་བཏུང་ལུགས་མཐུན་དང་མཚན་མོའི་གཉིད་འདང་ངེ་ཡོང་བ་ལ་ཁག་ཐེག་དང་། ལུས་ཕུང་ལ་སྦྱོང་བརྡར་འོས་འཚམ་རེ་བྱས་ན་ལེགས། གལ་ཏེ་ལུས་མི་བདེ་བ་བྱུང་ན། ལམ་སེང་སྨན་བཅོས་བྱེད་དགོས་ལས་དེ་རྐྱེན་དུ་འགྱུར་བར་སྔོན་འགོག་བྱ་དགོས།  གལ་ཏེ་རྒྱུགས་ལེན་པའི་སྐབས་ལ་གློ་བུར་དུ་ཚ་རྒྱག་པ་དང་ནད་རིགས་གཞན་བྱུང་ཚེ། ས་གནས་སོ་སོའི་རྒྱུགས་ལེན་སར་འཕྲལ་བསྟུན་མྱུར་སྐྱོབ་པ་བཀོད་སྒྲིག་བརྒྱབ་ཡོད་པས་དེ་ལ་སེམས་ཁྲལ་བྱེད་མི་དགོས།

བཞི། རྒྱུགས་རར་མ་ཞུགས་གོང་དུ《རྒྱུགས་ཞུགས་འཛིན་ཡིག》དང་ཞིང་ཆེན་རིམ་པའི་སློབ་བསྡུ་རྒྱུགས་ལེན་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་ཐོབ་ཐང་ལག་འཁྱེར་སོགས་རྒྱུགས་ཞུགས་ལག་འཁྱེར་དང་འཛིན་ཡིག་འཛིན་རྒྱུ་བརྗེད་མི་རུང་། དེ་མིན་སློབ་བསྡུ་ལས་ཁུངས་ཀྱི་གཏན་འཁེལ་བྱས་པའི་རྒྱུགས་ཞུགས་ཉེར་མཁོའི་ཡོ་ཆས་ཚང་མ་ཚགས་ཡོད་མེད་ལ་ལྟ་རྒྱུ་ཧ་ཅང་གལ་ཆེ།  རང་བདག་གིས《རྒྱུགས་ཞུགས་འཛིན་ཡིག》དཔར་ཡོད་ན། དེའི་སྟེང་འཛིན་ཡིག་གི་ནང་དོན་མ་ཡིན་པའི་ཡི་གེ་དང་རི་མོ་ལ་སོགས་རྟགས་གཞན་བྲིས་ཡོད་མེད་ལ་ཞིབ་བཤེར་བྱ་རྒྱུ་མ་བརྗེད།

ལྔ། རྒྱུགས་རར་བསླེབས་རྗེས།  ལས་བྱེད་པའི་བཀོད་སྒྲིག་ནང་ལྟར་གོ་རིམ་མ་འཆོར་བར་གྲལ་བསྒྲིག་དགོས་པ་དང་།   གྲལ་སྔ་གཞུག་ལ་བར་ཐག་འཇོག་དགོས།  ཁ་པར་སོགས་སྒྲིག་འགལ་དངོས་རྡོག་རྒྱུགས་རར་འཁྱེར་མི་ཆོག་ལ།  རབ་ཡིན་ན་རྒྱུགས་རར་མ་ཞུགས་གོང་ནས་གང་དུ་སྡོད་པ་དེ་གར་བཞག་ན་ལེགས།  གལ་ཏེ་སྟབས་མི་བདེ་ཚེ་རྒྱུགས་རར་མ་ཞུགས་གོང་སྣེ་ཁྲིད་དགེ་རྒན་དང་ཡང་ན་ཁྱིམ་བདག་ལ་བཅོལ་ན་ལེགས།

       དྲུག རྒྱུགས་རར་ཞུགས་རྗེས་ཡང་བསྐྱར་ཐོབ་ཐང་ལག་འཁྱེར་དང་སྒྲིག་འགལ་དངོས་རྡོག་བཟུང་ཡོད་མེད་ལ་ཡང་བསྐྱར་ཞིབ་བཤེར་བྱེད་ངེས་པས།  ཞིང་ཆེན་རིམ་པའི་སློབ་བསྡུ་རྒྱུགས་ལེན་ལས་ཁུངས་ཀྱིས་གཏན་འཁེལ་བྱས་པའི་རྒྱུགས་ལེན་ཉེར་སྤྱོད་ཡོ་ཆས་མ་གཏོགས་གཞན་དག་རྒྱུགས་རར་འཁྱེར་མི་ཆོག རྒྱུགས་རར་ཞུགས་རྗེས།  སོ་སོའི་ཨང་རྟགས་ལྟར་འདུག་སར་བསྡད་དེ《རྒྱུགས་ཞུགས་འཛིན་ཡིག》དང་ཞིང་ཆེན་རིམ་པའི་སློབ་བསྡུ་རྒྱུགས་ལེན་ལས་ཁུངས་ཀྱིས་གཏན་འཁེལ་བྱས་པའི་ཐོབ་ཐང་ལག་འཁྱེར་སྒྲོག་ཙེ་སྟེང་བཞག་ནས་ཞིབ་བཤེར་ལ་སྟབས་བདེ་བཟོ་དགོས། 

བདུན། རྒྱུགས་སྤྲོད་མཁན་སློབ་མ་རྣམས་ཀྱིས་རྒྱུགས་རའི་ཆོས་ཉིད་དང་སྒྲིག་ལམ་ལ་བརྩི་སྲུང་དང་། རྒྱུགས་ལེན་ལས་བྱེད་པའི་དོ་དམ་ལ་དང་ལེན་བྱ་དགོས།  རྒྱུགས་ལེན་པའི་གོ་རིམ་ཁྲོད་རྒྱུགས་རའི་ལྟ་རྟོག་པ་དང་། སྐོར་ཞིབ་པ་སོགས་ཀྱིས་རྒྱུགས་རའི་སྒྲིག་ལམ་དང་རྒྱུགས་ཕྱིར་སྐོར་ཞིབ་ལ་སྲུང་སྐྱོབ་བྱ་རྒྱུ་མ་ཟད། རྒྱུགས་རའི་ནང་དུ་བརྙན་མིག་གི་ལྟ་རྟོག་ཚོད་འཛིན་མ་ལག་བསྒྲིགས་ནས་གོ་རིམ་ཧྲིལ་བོར་བརྙན་ལེན་རྒྱུ་དང་། རྒྱུགས་ལེན་པའི་སྐབས་སུ་ཆེད་དོན་ལྟ་རྟོག་པས་ལྟ་རྟོག་དང་རྒྱུགས་བླངས་རྗེས་སུ་བརྙན་མིག་ལ་ཞིབ་ལྟ་བྱས་ནས་ཞིབ་བཤེར་བྱ་རྒྱུ་ཡིན་པས།  གལ་ཏེ་ཁྲིམས་འགལ་བྱ་སྤྱོད་བྱུང་ཚེ།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོའི་བཅའ་ཁྲིམས》དང《རྒྱལ་ཁབ་སློབ་གསོའི་རྒྱུགས་ལེན་ཁྲིམས་འགལ་ཐག་གཅོད་བྱེད་ཐབས》ཀྱིས་གཏན་འབེབས་བྱས་པའི་གོ་རིམ་དང་གཏན་འཁེལ་ནང་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་མ་ཟད།  རྒྱལ་ཁབ་སློབ་གསོ་རྒྱུགས་ལེན་ཡིད་རྟོན་གྱི་ཡིག་ཚགས་སུ་འགོད་རྒྱུ།   རྐུས་ལྟ་ལ་སོགས་གཡོ་ལས་བྱེད་མཁན་ལ་མཐོ་རྒྱུགས་ཀྱི་རིག་ཚན་ཚང་མའི་སྐར་འབྲས་ཡོངས་མེད་པར་བཟོ་རྒྱུ་མ་ཟད།  འཇུག་འབྲས་ལྕི་ཡང་ལ་གཞིགས་ཏེ་གནས་སྐབས་སམ་ཡང་ན་ལོ1ནས3བར་ལ་མཐོ་རྒྱུགས་ནང་ཞུགས་མི་ཆོག་པ་དང་། མཇུག་འབྲས་ཧ་ཅང་ཚབས་ཆེ་ན་གནས་སྐབས་སམ་ཡང་ན་ལོ1ནས3ནང་དུ་རྒྱལ་ཡོངས་ཀྱི་སློབ་གསོའི་རྒྱུགས་ལེན་རིགས་གང་རུང་ལ་ཞུགས་མི་ཆོག་པ་གཏན་འབེབས་བྱས་ཡོད།  བྱས་ཉེས་བསགས་རིགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དང《ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱུགས་ལེན་གཡོ་ལས་སྒྲིག་འཛུགས་ལ་སོགས་པའི་ཉེས་དོན་གྱོད་དཔེ་ཐག་གཅོད་ཐད་སྤྱོད་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའི་འགྲེལ་བ》སོགས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཁྲིམས་འཛིན་ལས་ཁུངས་སུ་བསྐྱལ་ནས་ཁྲིམས་འགན་འདེད་རྒྱུ།  མཐོ་རྒྱུགས་ཀྱི་སྐབས་ལ་རྐུས་ལྟ་སོགས་གཡོ་ལས་སྒྲིག་འཛུགས་བྱས་ན། དེ《ཉེས་ཁྲིམས》ནང་གཏན་འཁེལ་བྱས་པའི“གནས་ཚུལ་ཚབས་ཆེན”གྱི་ཉེས་བསགས་གྱོད་གཞིར་གཏོགས་པ་ཡིན། 
        ལྷག་པར་དུ་ཡིད་འཇོག་དགོས་པ་ཞིག་ནི།  རྒྱུགས་སྤྲོད་མཁན་སློབ་མས་གལ་ཏེ་ཁ་པར་ལ་སོགས་འཕྲིན་བསྐུར་ལེན་གྱི་བྱེད་ནུས་ལྡན་པའི་སྒྲིག་ཆས་རིགས་རྒྱུགས་རར་འཁྱེར་ན།  བཀོལ་སྤྱོད་བྱས་མ་བྱས་ཀྱི་ཁྱད་པར་མེད་པར་རྒྱུགས་ལེན་གཡོ་ལས་ཀྱི་ནང་ལྟར་ཐག་གཅད་རྒྱུ།  རྒྱུགས་ལེན་པའི་སྐབས་ཁ་པར་སོགས་སྒྲིག་ཆས་སྤྱད་དེ་རྒྱུགས་གཞིའི་ནང་དོན་དང་།  དྲིས་ལན་ཁཱ་སོགས་པར་བླངས་ནསQQདང་སྐད་འཕྲིན་སོགས་དྲ་བའི་འཕྲིན་སྟེགས་གཞན་དག་བརྒྱུད་དེ་རྒྱུགས་གཞི་དང་དྲིས་ལན་བརྒྱུད་བསྐུར་བྱེད་པའི་གནས་ཚུལ་བྱུང་ན། ཚང་མ་ཉེས་བསགས་གྱོད་དོན་དུ་གཏོགས་པས། ཁྲིམས་འཛིན་ལས་ཁུངས་སུ་བསྐྱེལ་ནས་ཉེས་འགན་འདེད་རྒྱུ།

བརྒྱད། རྒྱུགས་སྤྲོད་མཁན་སློབ་མ་རྣམས་ཀྱིས་སེམས་ལྷོད་ལ་བབས་ནས་ཡི་གེ་གྲལ་དག་པོས་སྒོ་ནས་རྒྱུགས་ཤོག་འབྲི་དགོས། དེ་མ་ཟད་རེ་བ་ལྟར་དུ་ངེས་གཏན་གྱི་གནས་སུ་ཆ་འཕྲིན་ཡང་དག་བསྐང་དགོས་པ་དང་།  དྲི་བར་དྲིས་ལན་འདེབས་སའི་བར་སྟོང་དུ་ལན་འབྲི་དགོས་པ་དང་། མ་ཡིག་གཅོད་ས་དང་ཡང་ན་དྲིས་ལན་འདེབས་ས་གཞན་དུ་ལན་བྲིས་པ་ཡིན་ན་དེ་དག་སྐར་འབྲས་སུ་མི་བརྩི།  གཏན་འཁེལ་ལས་འདས་པའི་སྨྱུ་གུ་དང་ཤོག་བུས་ལན་འདེབས་མི་ཆོག   རྒྱུགས་བླངས་ཚར་བའི་བརྡ་བརྒྱབ་རྗེས། ལམ་སེང་རྒྱུགས་ཤོག་འབྲི་མཚམས་འཇོག་དགོས།དགུ། སློབ་གསོ་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྦྲེལ་དྲའི་འཕྲིན་སྟེགས་སུ“དབང་དྲག་ཅན་གྱི་སློབ་བསྡུ་རྒྱུགས་ལེན་ལས་ཁུངས་ཀྱི་གཞུང་ཕྱོགས་དྲ་བ་གསལ་བའི་མཚོན་རྟགས”(点亮权威考试招生机构官网标识)ཅེས་བའི་ཆེད་དོན་བྱ་སྤྱོད་སྤེལ་ཡོད་པས། རྒྱུགས་སྤྲོད་སློབ་མ་དང་དེའི་ཁྱིམ་བདག་རྣམས་ཀྱིས་གཞུང་ཕྱོགས་དྲ་ཚིགས་དང་། གཞུང་ཕྱོགས་ཐོ་རྟགས་བརྒྱུད་དེ་གཞུང་ཕྱོགས་ཀྱིས་སྤེལ་བའི་མཐོ་རྒྱུགས་སྐོར་གྱི་ཆ་འཕྲིན་ཚད་གཞི་འཛིན་དགོས་པ་ལས།  གཞུང་ཕྱོགས་མ་ཡིན་པའི་དྲིལ་སྒྲོག་དང་ཁས་ལེན་དག་གི་གཡོ་འོག་ཏུ་མི་ཚུད་རྒྱུ་གལ་ཆེ།

དགུ།  རྒྱུགས་མཇུག་རྫོགས་རྗེས། ཞིང་ཆེན་རིམ་པ་ཁག་གི་སློབ་བསྡུ་རྒྱུགས་ལེན་ལས་ཁུངས་ཚང་མས་མཐོ་རྒྱུགས་ཀྱི་རྒྱུགས་འབྲས་ཁྱབ་སྒྲོག་གི་དུས་ཚོད་དང་གཞུང་ཕྱོགས་ཀྱི་རྩད་འདྲི་བྱེད་ལམ་ཁྱབ་སྒྲོག་བྱ་རྒྱུ་ཡིན་པས་རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་རྣམས་ཀྱིས་གཞུང་ཕྱོགས་ཀྱིས་སྤེལ་བའི་འབྲེལ་ཡོད་གནས་ཚུལ་ལ་དོ་སྣང་བྱ་རྒྱུ་མ་བརྗེད།

བཅུ། སློབ་གསོ་པུའུ་ནས་མཐོ་རྒྱུགས་ལ་ཞུགས་མཁན་སློབ་མ་རྣམས་ཀྱི་འདོད་མོས་རེའུ་མིག་བསྐང་བར་ཞབས་ཞུ་ལེགས་པོ་འདོན་ཆེད། “ཉི་འོད་མཐོ་རྒྱུགས”(阳光高考)འཕྲིན་སྟེགས་ཀྱིས་རྒྱུགས་ཞུགས་སློབ་མ་རྣམས་ལ་ཁ་ཕྱོགས་ནས་འདོད་མོས་རེའུ་མིག་བསྐང་བའི་ཆ་འཕྲིན་ཞབས་ཞུ་མ་ལག་བཏོན་ཏེ།  འདོད་མོས་འོས་སྦྱོར་དང་། རིག་ཚན་གདམ་གསེས་ལ་ཁྲིད་སྟོན། ཆེད་ལས་ངོ་སྤྲོད།  སེམས་ཁམས་ཚད་འཇལ།  ལས་ཞུགས་ཁ་ཕྱོགས་དང་མདུན་ལྗོངས་ལ་སོགས་རྩད་ཞིབ་ཐུབ་པའི་ཞབས་ཞུ་འདོན་རྒྱུ།  དེ་མ་ཟད་ས་གནས་སོ་སོའི་མཐོ་སློབ་ཀྱིས“2024ལོའི་རྒྱལ་ཡོངས་མཐོ་སློབ་དཀྱུས་མའི་སློབ་བསྡུ་དྲ་ཚིགས་ཀྱི་བློ་འདྲི་གཟའ་འཁོར”སྒྲིག་འཛུགས་བྱས་ཏེ།  སློབ་མ་དང་ཁྱིམ་བདག་རྣམས་ལ་བློ་འདྲི་ཞབས་ཞུ་འདོན་རྒྱུ་མ་ཟད། འབྲེལ་ཡོད་ཀྱི་དྲི་བར་ལན་འདེབས་རྒྱུ།  ས་གནས་སོ་སོའི་སློབ་བསྡུ་རྒྱུགས་ལེན་ལས་ཁུངས་ཀྱིས་འདོད་མོས་རེའུ་མིག་བསྐང་བའི་བློ་འདྲི་ཞབས་ཞུ་རབ་དང་རིམ་པ་བཏོན་ཏེ། འདོད་མོས་རེའུ་མིག་བསྐང་བའི་སྲིད་ཇུས་ཕྱོགས་ནས་ཟབ་སྦྱོང་དང་།  འདོད་མོས་རེའུ་མིག་བསྐང་བར་ཁྲིད་སྟོན་རྒྱུ་ཆ།  དྲ་ལམ་ཐད་གཏོང་གི་བློ་འདྲི་བྱེད་སྒོ། བརྙན་འཕྲིན་ནམ་རླུང་འཕྲིན་གྱིས་སྲིད་ཇུས་སྒྲོག་འགྲེལ་ལ་སོགས་ཀྱི་ཞབས་ཞུ་འདོན་རྒྱུ། མཐོ་སློབ་སོ་སོས་ཀྱང་དྲ་ཐོག་དང་དྲ་འོག་གཉིས་ཀ་ནས་སློབ་བསྡུ་བློ་འདྲི་ཞབས་ཞུ་སྒྲིག་འཛུགས་བྱ་རྒྱུ་ཡིན་པས། རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་རྣམས་ཀྱིས་དེ་ལ་དོ་སྣང་བྱ་རོགས།

རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་ལ་ད་དུང་གནད་དོན་གཞན་དག་ཡོད་ན།  ས་གནས་ཀྱི་སློབ་བསྡུ་རྒྱུགས་ལེན་ལས་ཁུངས་དང་སློབ་གྲྭར་བཅར་ནས་རྩད་འདྲི་བྱ་ཆོག  

རྩོམ་སྒྲིག་པ། ཁོན་ཐར་འཚོ།