ཁང་བདག་གིས་ཁང་པ་གླ་མཁན་སྒོར་འཕུད་ཆོག་གམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།
 

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་སློབ་ཆེན་མཐར་ཕྱིན་རྗེས། ཕུགས་བསམ་འཚོལ་སྙེག་གི་ཕྱིར་དུ་ཟི་ལིང་གྲོང་ཁྱེར་དུ་ཟླ་རེར་སྒོར1500བྱིན་ནས་མགོན་པོའི་ཁང་པ་ཉལ་ས་གཅིག་ཅན་དེ་གླས་ནས་བསྡད་ཅིང་། ང་དང་མགོན་པོ་གཉིས་ཀྱིས་གླ་ཡུན་ལོ2ཡིན་པའི་གན་རྒྱ་བཞག ང་ཁང་པ་རུ་བསྡད་དེ་ཟླ15འགོར་སྐབས།དབང་རྒྱལ་ཟེར་བའི་མི་ཞིག་གིས་ང་བཙལ་ནས་ཡོང་སྟེ་མགོན་པོས་ཁོ་ལ་ཁང་པ་འདི་བཙོངས་ཡོད་ཟེར་ཞོར། ཁང་ཡིག་བསྟན་ནས་མགྱོགས་མྱུར་ངང་གནས་སྤོ་དགོས་པའི་རེ་བ་བཏོན། ངས་ཀྱང་མགོན་པོ་དང་ངེད་གཉིས་བར་གྱི་གླ་གཏོང་གན་རྒྱ་བསྟན་ནས་དབང་རྒྱལ་ལ་ལོ2གཉིས་ཀྱི་གླ་ཡུན་མ་ལོང་བར་དུ་ཁང་པ་ལས་གནས་སྤོ་མི་ཐུབ་པར་བཤད། དེ་བས་ང་དང་དབང་རྒྱལ་གཉིས་ཀྱིས་ཁ་རྩོད་དྲག་པོ་བྱས་པའི་དབང་གིས་དེའི་མཐའ་འཁོར་གྱི་མི་གང་མང་གིས་ངེད་གཉིས་ཀ་བསྐོར་ཞིང་། དེའི་ཁྲོད་ཀྱི་མི་མང་ཤོས་ཀྱིས་ང་ལ་རོགས་རམ་གྱི་སྐད་ཆ་མང་པོ་བཤད་པས་དབང་རྒྱལ་ཁོང་ཁྲོ་དང་བཅས་ཕྱིར་མི་ལོག་ཀ་མེད་བྱུང་། ཉིན་འགའི་རྗེས་སུ། དབང་རྒྱལ་གྱིས་ང་རང་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཏེ་ཁང་པ་རུ་མགྱོགས་མྱུར་ངང་གནས་སྤོ་དགོས་པའི་རེ་བ་བཏོན། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་དབང་རྒྱལ་གྱིས་ང་ལ་དེ་ལྟར་རེ་བ་གདོན་ཆོག་གམ།

ཞེས་བསམ་འགྲུབ་ཀྱིས།

བློ་མཐུན་བསམ་འགྲུབ་ལགས།

གྱོད་དོན་འདི་རྒྱུ་དངོས་བདག་དབང་དང་བུན་དབང་གཉིས་དུས་མཉམ་དུ་དངོས་པོ་གཅིག་གི་སྟེང་དུ་གནས་སྐབས།གང་ཞིག་སྔོན་ལ་འཇོག་དགོས་པའི་གནད་དོན་དང་འབྲེལ་བ་ཡོད།བདག་དབང་ནི་རྒྱུ་དངོས་བདག་དབང་ཞིག་ཡིན་པ་དང་། གླ་གཏོང་དབང་ཆ་ནི་བུན་དབང་ཡིན། དེ་གཉིས་དུས་མཉམ་དུ་དངོས་པོ་གཅིག་གི་སྟེང་དུ་གནས་སྐབས།རྩ་དོན་སྟེང་རྒྱུ་དངོས་བདག་དབང་ནི་བུན་དབང་ལས་སྔོན་དུ་ཡོད། འོན་ཀྱང་རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན725པའི་གཏན་འཁེལ་ལྟར་ན།“གླ་གཏོང་དངོས་པོ་གླ་གཏོང་བྱས་ཡོད་པའི་སྐབས་སུ་དེའི་བདག་དབང་ལ་འགྱུར་བ་བྱུང་ན། གླ་གཏོང་གན་རྒྱའི་ནུས་པར་ཤུགས་རྐྱེན་མི་ཐེབས”ཞེས་བཀོད་ཡོད། གོང་གི་གྱོད་དོན་འདིའི་ཁྲོད་དུ། མགོན་པོ་དང་ཁྱོད་གཉིས་བར་གྱི་ཁང་པའི་བདག་དབང་ནི་དབང་རྒྱལ་ལ་མ་བསྒྱུར་གོང་དུ་དུས་ཡུན་ལོ2ཀྱི་གླ་གཏོང་གན་རྒྱ་བཞག་ཡོད། ཁྱོད་ལ་ཁང་པ་དེའི་གླ་གཏོང་དབང་ཆ་སྟེ་བུན་དབང་ཡོད། མགོན་པོས་རང་ཉིད་ཀྱི་ཁང་པ་དབང་རྒྱལ་ལ་བཙོངས་པར་མ་ཟད་ཁང་པའི་བདག་དབང་གི་ཐོ་འགོད་འགྲོ་ལུགས་ཀྱང་བསྒྲུབས་པ་དང་།དབང་རྒྱལ་ཁང་པའི་བདག་དབང་འཛིན་མཁན་གསར་པ་སྟེ་ཁང་པའི་རྒྱུ་དངོས་བདག་དབང་ཁོ་ལ་ཡོད། འདིའི་སྐབས་སུ། སྔོན་གྱི་གླ་གཏོང་གན་རྒྱ་དེ་ཁྱོད་དང་ཁང་བདག་དབང་རྒྱལ་གཉིས་ཀྱི་བར་དུ་མུ་མཐུད་དུ་ནུས་པ་ཐོན་ཐུབ། དེར་བརྟེན། གྱོད་དོན་འདིའི་ཁྲོད་དུ། དབང་རྒྱལ་གྱིས་ཁང་པ་ཉོས་པའི་བྱ་སྤྱོད་ལ་བརྟེན་ནས་ཁང་པའི་བདག་པོ་གསར་པ་རུ་གྱུར་མོད། འོན་ཀྱང་སྔར་གྱི་ཁང་བདག་མགོན་པོ་དང་ཁྱོད་གཉིས་བར་གྱི་གླ་གཏོང་གན་རྒྱ་མུ་མཐུད་དུ་ནུས་ལྡན་ཡིན་པས། དབང་རྒྱལ་ལ་ཁྱོད་གནས་སྤོ་དགོས་པའི་རེ་བ་གདོན་དབང་མེད་དོ། །

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།