སྒལ་ཚིགས་ནི་ཚེ་སྲོག་གི་རྒྱུན་ཐག་གཉིས་པ་ཡིན་ཟེར་དོན་ཅི་ཡིན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཟླ5ཚེས21ཉིན་ནི་འཛམ་གླིང་གི་སྒལ་ཚིགས་བདེ་ཐང་ཉིན་མོ་ཡིན།  སྒལ་ཚིགས་ཀྱི་བྱེད་ནུས་གཙོ་བོ་ལུས་པོ་འདེགས་སྐྱོར་དང་། བརྒྱུངས་པ་དང་སྒལ་བའི་དབང་རྩ་སྲུང་སྐྱོབ། ནང་ཁྲོལ་གྱི་དབང་བོར་འབྲེལ་རྟེན་དང་། དེ་མིན་ལུས་པོའི་འགུལ་སྐྱོད་ཟོར་ཡང་བོ་དང་གཏན་འཇགས་ཡོང་པ་ལ་འགན་སྲུང་བྱེད་པའི་ནུས་པ་ལྡན།  སྒལ་ཚིགས་ཀྱི་གྲུབ་སྟངས་དང་བྱེད་ནུས། བདེ་སྲུང་གི་བྱེད་ཐབས་འོས་འཚམ་རེ་ཤེས་ན་སྒལ་ཚིགས་ཀྱི་ནད་སྔོན་འགོག་དང་ལུས་ཕུང་གི་བདེ་ཐང་སྲུང་སྐྱོབ་ལ་དོན་སྙིང་གལ་ཆེན་ལྡན།

སྒལ་ཚིགས་ཀྱི་གྲུབ་སྟངས། 

སྒལ་ཚིགས་ནི་མིའི་ལུས་ཕུང་གི་རྒྱབ་གཞུང་ན་ཡོད་ཅིང་། སྒལ་རིས་དང་སྒལ་ཚིགས་ཀྱི་མཁར་མཚམས་དང་། ཆུ་བ།  ཚིགས་བཅས་ལ་བརྟེན་ནས་གཅིག་ནས་གཅིག་ལ་འབྲེལ་ནས་གྲུབ་ཡོད་ཅིང་གོང་འོག་རིམ་པ་ལྟར་དབྱེ་ན།  མཇིང་ཚིགས་དང་། བྲང་ཚིགས།  སྐེད་ཚིགས། ཝ་གདོང་རུས་ཚིགས། གཞུག་ཆུང་རུས་ཚིགས་བཅས་ལྔ་ཡིས་གྲུབ།  དེ་ལ་རང་བྱུང་གི་དཀྱོགས་མཚམས་བཞི་ཡོད་དེ།  མཇིང་ཚིགས་སྔུན་འབར། མཇིང་ཚིགས་སྟག་འབར།  སྐེད་ཚིགས་སྔུན་འབར། ཝ་ཚིགས་སྟག་འབར་བཅས་ཡིན། དཀྱོགས་མཚམས་དེ་དག་གིས་སྒལ་ཚིགས་ཀྱི་ལྗིད་འདེགས་ནུས་པར་འདེགས་སྐྱོར་དང་། ཤ་གནད་གྲུམ་ལྷོད། བརྒྱུངས་པ་བཅས་ལ་བར་གསེང་ངེས་ཅན་ཞིག་བཏོན་ནས་བརྒྱུངས་པ་དང་དབང་རྩར་སྲུང་སྐྱོབ་བྱ་ཐུབ།

“ཚེ་སྲོག་གི་རྒྱུན་ཐག་གཉིས་པ”ཡི་བྱེད་ནུས། 

སྒལ་ཚིགས་ནི་མིའི་ལུས་ཀྱི་གྲུབ་སྟངས་ཀྱི་གྲུབ་ཆ་གཙོ་བོ་ཡིན་ཞིང་། མིའི་ལུས་ཕུང་གི“ཚེ་སྲོག་གི་རྒྱུན་ཐག་གཉིས་པ”ཞེས་འབོད། གཙོ་བོ་ལུས་ཕུང་འདེགས་སྐྱོར་དང་།  སྲུབ་སྐྱོབ།  འགུལ་སྐྱོད་ལ་སོགས་ཀྱི་བྱེད་ནུས་ལྡན་པས་ལུས་ཕུང་གི་འདེགས་སྐྱོར་དང་གདོང་མ་ལྟ་བུ་ཡིན། 

1 སྒལ་ཚིགས་ཀྱི་བྱེད་ནུས། 

   སྒལ་ཚིགས་ནི་ཕུང་བོ་འདེགས་བྱེད་ཀྱི་གྲུབ་ཆ་གཙོ་བོ་ནང་གི་གཅིག་ཡིན། དེ་ནི་ཕུང་བོའི་ལྗིད་ཤུགས་དང་གནོན་ཤུགས་ཐེག་བྱེད་ཡིན་པས་མི་རྣམས་ད་གཟོད་ལངས་ནས་འགྲོ་བ་ཡིན།   སྒལ་བའི་མཇིང་ཚིགས་ཀྱིས་མགོ་བོ་ཐེག་བྱེད་དང་ཕུང་བོ་འབྲེལ་བྱེད་ཀྱི་ནུས་པ་དང་། འགུལ་སྐྱོད་སྣ་ཚོགས་ཀྱི་ཁྲོད་དུ་གཏན་འཇགས་ཡོང་བའི་བྱེད་ནུས་བཏོན་ཡོད།  བྲང་ཚིགས་ནི་རྩིབ་མར་འབྲེལ་ཅིང་། བྲང་ཁོག་དང་དེར་ཡོད་པའི་སྙིང་དང་གློ་བ་འདེགས་བྱེད་ཀྱི་ནུས་པ་བཏོན་ཡོད།   སྐེད་ཚིགས་ཀྱིས་ལུས་སྟོད་ཀྱི་ལྗིད་ཚད་ཁུར་ཏེ།  ཁོག་པ་འདེགས་སྐྱོར་དང་སྲུང་སྐྱོབ་ཀྱི་ནུས་པ་བཏོན་ཡོད།  ཝ་ཚིགས་དང་གཞུག་ཚིགས་གཉིས་དཔྱི་རུས་དང་འབྲེལ་ནས་མཉམ་དུ་ལུས་སྨད་ཀྱི་བཏེགས་ནས་ཕུང་བོའི་འགུལ་སྐྱོད་གཏན་འཇགས་ལ་སྲུང་སྐྱོབ་བྱས་ཡོད།

2 སྲུང་སྐྱོབ་ཀྱི་བྱེད་ནུས། 

  སྒལ་ཚིགས་ཀྱིས་ཕུང་བོའི་གྲུབ་གཞི་སྲུང་སྐྱོབ་ལ་ནུས་པ་གལ་ཆེན་བཏོན་ཡོད། དེས་མིའི་ཉིན་རྒྱུན་གྱི་འགུལ་སྐྱོད་ཚོད་འཛིན་བྱེད་པ་ཡིན།  བརྒྱུངས་པ་དང་དབང་རྩ31ཡིས་བརྡ་འཕྲིན་ཀླད་ཆེན་ནས་ཕུང་བོའི་ཆ་ཤས་སོ་སོར་གཏོང་བའི་འགན་ཁུར་ཡོད་པས་ཕུང་བོར་ནུས་པ་གལ་ཆེན་འདོན་གྱི་ཡོད།  སྒལ་ཚིགས་ཀྱིས་གཙོ་བོ་བརྒྱུངས་པ་དང་དེའི་དབང་རྩ་ལ་གནོད་འཚེ་འབྱུང་བར་སྔོན་འགོག་དང་སྲུང་སྐྱོབ་ཀྱི་ནུས་པ་འདོན་གྱི་ཡོད།  ཡིན་ན་ཡང་སྒལ་ཚིགས་ལ་ནད་འགྱུར་བྱུང་དུས་བརྒྱུངས་པའམ་སྒལ་རུས་ཀྱི་དབང་རྩ་ལ་གནོན་ཤུགས་སམ་ཕོག་ཐིག་བཏང་བར་བརྟེན་ནས་ན་ཟུག་སྐྱེས་པ་དང་སྦྲིད་དེ་ཤུགས་མེད་པ། ཐ་ན་ཞ་བོར་འགྱུར་ལ་སོགས་ཀྱི་ནད་རྟགས་བྱུང་ཀྱི་ཡོད།

སྒལ་ཚིགས་སྐྱེ་ལུགས་དཀྱོགས་མཚམས་བཞི་ལ་ཡང་སྲུང་སྐྱོབ་ཀྱི་ནུས་པ་གལ་ཆེན་ཡོད།  མི་ལངས་ནས་འགྲོ་བ་དང་། རྒྱུག་པ།  མཆོང་ལྡིང་ལ་སོགས་འགུལ་སྐྱོད་ཀྱི་ཁྲོད་དུ།  སྒལ་ཚིགས་ཀྱི་སྐྱེ་གཟུགས་གུག་གུག་ཡིན་པ་དེས་འདུར་ཡོམ་གྱི་ཚད་ཇེ་ཡང་དུ་བཏང་སྟེ།  ཀླད་པ་དང་ཕུང་པོའི་ནང་ཁོག་གི་དབང་པོར་ཕོག་ཐིག་དང་འདུར་གཡུག་ཆེན་པོ་མི་ཡོང་བར་ནུས་པ་བཏོན་ཡོད།   སྒལ་ཚིགས་ཀྱི་སྐྱེ་ལུགས་དེས་ད་དུང་ཕུང་བོའི་ལྗིད་ཚད་དེ་སྒལ་རུས་དང་།  སྒལ་ཚིགས།  ཤ་གནད་བཅས་ཀྱི་སྟེང་ལ་བཀལ་ནས་འགུལ་སྐྱོད་དོ་མཉམ་ཡོང་བ་དང་།  སྒལ་རུས་དང་སྒལ་ཚིགས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏང་བར་རམ་འདེགས་བྱེད་པ་ཡིན།

3 འགུལ་སྐྱོད་ཀྱི་བྱེད་ནུས། 

འདེགས་སྐྱོར་དང་སྲུང་སྐྱོབ་ཀྱི་ནུས་པ་ལས་གཞན་སྒལ་ཚིགས་ལ་འགུལ་སྐྱོད་གང་བདེ་ཐུབ་པའི་བྱེད་ནུས་ཡོད།  སྒལ་རུས་དང་སྒལ་རུས་བར་དུ་འགུལ་སྐྱོད་ཆེན་པོ་བྱེད་ཐུབ་ན་ཡང་། དེ་གཉིས་བར་གྱི་འགུལ་སྐྱོད་ལ་ཚད་བཀག་ཡོད་ན་ཡང་སྒལ་ཚིགས་ཧྲིལ་བོའི་འགུལ་སྐྱོད་ཀྱི་ཚད་ཧ་ཅང་ཆེ་པ་སྟེ།  སྒལ་ཚིགས་ཀྱི་འགུལ་སྟངས་ལ་གཙོ་བོ་རྐྱོང་སྐུམ་གཡས་གཟར་གཡོན་གཟར། ཕར་འཁོར་ཚུར་འཁོར་ལ་སོགས་རེད།

སྒལ་ཚིགས་ལ་སྐྱོན་བྱུང་རྗེས་གང་དག་ལ་གནོད། 

  སྒལ་བར་སྐྱོན་བྱུང་བ་དཔེར་ན་སྒལ་རུས་ཆག་པའམ་ཡང་ན།  དལ་བའི་རང་བཞིན་གྱིས་སྒལ་བར་སྐྱོན་བྱུང་བ་དཔེར་ན་མཇིང་ཚིགས་ཀྱི་ནད།  སྐེད་ཚིགས་སུ་རུས་འབར་བྱུང་བ་ལ་སོགས་ལྟ་བུ་ཡིན། དེ་དག་གང་ཡིན་རུང་ནད་པའི་འཚོ་བར་ཤུགས་རྐྱེན་མང་པོ་ཐེབས་སྲིད། གཙོ་བོ་སྐྱོན་དེ་གནས་གང་དུ་བྱུང་བ་དང་ཚད་ཇི་ལྟ་བུ་ཡིན་པར་རག་ལས།

1 ན་ཟུག་སྐྱེས་ཤིང་མི་བདེ་བ། 

སྒལ་ཚིགས་ལ་སྐྱོན་བྱུང་ན་ན་ཟུག་དང་མི་བདེ་བ་འབྱུང་སྲིད། ནང་སྒོས་སུ་སྐྱོན་གང་དུ་ཡོད་པ་དེའི་ཉེ་འཁོར་དུ་ན་ཟུག་ཆེན་པོ་བསྐྱེད་ངེས་པས།   མཚན་པོའི་གཉིད་དང་ཉིན་མོའི་ལས་ཀ  འགུལ་སྐྱོད་བཅས་ཉིན་རྒྱུན་གྱི་འཚོ་བར་ཤུགས་རྐྱེན་ཐེབས་ངེས།

2 འགུལ་སྐྱོད་མི་ཐུབ་པ། སྒལ་ཚིགས་ལ་སྐྱོན་བྱུང་རྗེས་འགུལ་སྐྱོད་བྱེད་ནུས་ཡང་ཚད་མི་འདྲ་བར་ཉམས་འགྲོ་བ་རེད། དཔེར་ན་ཤ་གནད་ལ་ཤུགས་མེད་པ།  ཤ་གནད་ཉམས་པ།  འགུལ་སྐྱོད་དོ་མི་མཉམ་པ་ལྟ་བུ་རེད།  ཧ་ཅང་ཚབས་ཆེ་ན་དབུགས་འབྱིན་རྔུབ་ཀྱི་ནུས་པ་ཉམས་འགྲོ་བས་དབུགས་འབྱིན་རྔུལ་དཀའ་བ།  དབུགས་ཆད་པ་ལ་སོགས་ཀྱི་གནད་དོན་འབྱུང་ངེས།

3  སྒལ་ཚིགས་ཀྱི་དབང་རྩའི་བྱེད་ནུས་ལ་སྐྱོན་བྱུང་བ།  སྒལ་ཚིགས་ལ་སྐྱོན་བྱུང་ན་དབང་རྩའི་བྱེད་ནུས་འདོན་མི་ཐུབ། དཔེར་ན་ཚོར་བ་མེད་པ།  སྦྲིད་པ།  གཅིན་སྐྱག་རྒྱུན་ལྡན་མིན་པ། ཐ་ན་དབང་བོ་ཞ་བ་དང་། རང་བདག་དབང་རྩའི་མ་ལག་ལ་ཤུན་ཤུགས་ཐེབས་ཏེ་རང་བདག་དབང་རྩའི་བྱེད་ནུས་ཉམས་ནས་ལུས་ཀྱི་རྔུལ་ཆུ་འདོན་མི་ཐུབ་པ་དང་།  སྙིང་གི་ལྡིང་ཚད་རྒྱུན་ལྡན་མིན་པ།  ཁྲག་ཤེད་གཏན་འཇགས་མིན་པ་ལ་སོགས་ཀྱི་གནད་དོན་འབྱུང་ངེས།

4  འཚོ་བའི་ནུས་པ་ཇེ་ཞན་དུ་འགྱུར་བ། 

སྒལ་ཚིགས་ལ་སྐྱོན་བྱུང་བའི་ནད་པ་དུས་ཡུན་རིང་བོར་ལངས་མི་ཐུབ་པས་འཚོ་བའི་ནུས་པ་ཇེ་ཞན་དུ་འགྱུར་ངེས་པ་དང་།  སྐྱི་ཕགས་ལ་རྨ་རྒྱག་པ་དང་སྣག་པ་ལ་སོགས་ཀྱི་ཉེན་ཁ་ཡང་ཆེ།

མི་ལ་མཚོན་ན་སྒལ་ཚིགས་ནི་ཕུང་བའི་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཡིན་པས་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ང་ཚོས་དེ་ལ་ངེས་པར་དུ་སྲུང་སྐྱོབ་དང་ཡིད་འཇོག་བཟང་པོ་བྱ་དགོས།   འགྲོ་སྟངས་འདུག་སྟངས་ཀྱི་ཆ་ལ་ཧ་ཅང་གཟབ་གཟབ་བྱས་ན་ལེགས། དཔེར་ན། འགྲོ་འདུག་སྤྱོད་གསུམ་གྱི་ཆ་ནས་ལུས་སྒར་སྒར་དང་དཔུང་ལག་གཡུག་གཡུག་བྱེད་དུས་སྒལ་ཚིགས་གཡས་འཁྱོར་གཡོན་འཁྱོར་ལ་སོགས་པར་དོགས་ཟོན་བྱ་དགོས།  གལ་ཏེ་སྒལ་ཚིགས་ལ་སྐྱོན་བྱུང་ཚེ་དེ་མ་ཉིད་དུ་སྨན་བཅོས་བྱས་ནས་ཁམས་གསོ་སྦྱོང་བརྡར་ལ་སོགས་ནད་གཞི་མྱུར་དུ་དྲག་སྐྱེད་དང་། འཚོ་བའི་ནུས་པ་ཇེ་ཆེར་གཏང་རྒྱུ་གལ་ཆེ།  

རྩོམ་སྒྲིག་པ། ཁོན་ཐར་འཚོ།