གནས་ཚུལ་ག་འདྲའི་འོག་ཉེན་རྟོག་པས་བདེ་སྲུང་གྱོད་དོན་བསྒྲུབ་མི་ཆོག

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

བློ་མཐུན་རྩོམ་སྒྲིག་པ་ལགས།

ངེད་ཚན་ཆུང་གིས་ཀུང་སིའི་ལས་བགོས་བྱ་བ་ཡོངས་སུ་བདེ་བླག་ངང་འགྲུབ་པར་འབྲེལ་ཡོད་མགོ་ཁྲིད་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་པས། ཚན་ཆུང་གི་ཁོངས་མི་ཡོངས་དང་། དེའི་འགན་འཁུར་མཁན་ང་དང་ཀུན་འགྲུབ་བཅས་ཀྱིས་གླུ་གར་ཁང་ཞིག་ནས་ཆང་འཐུངས་ཏེ་རྟེན་འབྲེལ་ཞུས། ཕྱིས་སུ་ང་དང་ཀུན་འགྲུབ་གཉིས་ཀྱིས་དོན་དག་ཆུང་ཆུང་ཞིག་རྩོད་པའི་སྒང་ལ། ཀུན་འགྲུབ་ཀྱིས་ང་ལ་ལག་འགུལ་ཏེ་ཕན་ཚུན་ལ་འཐམས་ནས་རྡུང་རེས་བྱས། གླུ་གར་ཁང་གི་ཞབས་ཕྱི་བས་ཉེན་རྟོག་པར་གྱོད་དོན་སྙན་སེང་ཞུས་རྗེས། ཉེན་རྟོག་པ་འཕྲལ་དུ་ཡུལ་དངོས་སུ་ཐོན་ཏེ་ཀུན་འགྲུབ་དང་ངེད་གཉིས་མངགས་གཏོང་ཁང་དུ་ཁྲིད་ནས་འདྲི་གཅོད་བྱེད་མགོ་བརྩམས་ཤིང་། ངེད་གཉིས་ཀྱི་གྱོད་དོན་ལ་འགན་འཁུར་མཁན་གྱི་ཉེན་རྟོག་པ་དེ་ནི་ཀུན་འགྲུབ་ཀྱི་སློབ་གྲོགས་ཡིན་པས། ཉེན་རྟོག་པས་འདྲི་གཅོད་བྱེད་སྐབས་གློ་བུར་ཀུན་འགྲུབ་ཀྱི་སྤོབས་པ་ཇེ་ཆེར་སོང་ནས་ང་ལ་འཕྱ་སྨོད་བྱེད་ཅིང་། ཕྱིས་སུ་ངས་ཀུན་འགྲུབ་དང་ཉེན་རྟོག་པ་གཉིས་ཀྱི་འབྲེལ་བ་ཤེས་རྗེས། སེམས་སུ་ཉེན་རྟོག་པ་དེས་གྱོད་དོན་ཐག་བཅད་ན་ཕྱོགས་ཞེན་ཡོད་པར་བསམས་ནས་གྱོད་དོན་ལ་འགན་འཁུར་མཁན་གྱི་ཉེན་རྟོག་པ་གྱོད་གཞི་འདིར་གཡོལ་དགོས་པའི་རེ་བ་བཏོན་དུས། ཀུན་འགྲུབ་ཀྱིས་ཉེན་རྟོག་པ་དང་ངེད་གཉིས་ཀའི་བར་དུ་གཉེན་ཉེའི་འབྲེལ་བ་ཅི་ཡང་མེད་པས་གཡོལ་མི་དགོས་ཟེར། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ནི་འདི་འདྲའི་གནས་ཚུལ་འོག་ཉེན་རྟོག་པ་གྱོད་གཞིར་གཡོལ་དགོས་སམ།

ཞེས་དབང་ཁོ་ཡིས།

བློ་མཐུན་དབང་ཁོ་ལགས།

གྱོད་དོན་འདིའི་གནད་དོན་ནི་མི་དམངས་ཉེན་རྟོག་པས་བདེ་འཇགས་གྱོད་དོན་སྒྲུབ་པའི་བརྒྱུད་རིམ་ཁྲོད་གཡོལ་འོས་པའི་གནས་ཚུལ་དང་འབྲེལ་བ་ཡོད། རང་རྒྱལ་གྱི《བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན81པའི་གཏན་འཁེལ་ལྟར་ན། “མི་དམངས་ཉེན་རྟོག་པས་བདེ་འཇགས་གྱོད་དོན་སྒྲུབ་པའི་གོ་རིམ་ཁྲོད་གཡོལ་འོས་པའི་གནས་ཚུལ་རིགས་གསུམ་ཡོད་དེ།   གཅིག་ནི་གྱོད་དོན་འདིའི་དོ་བདག་པའམ་དོ་བདག་པའི་གཉེན་ཉེ་ཡིན་པ། གཉིས་ནི་རང་ཉིད་དམ་དེའི་གཉེན་ཉེ་གྱོད་དོན་འདིར་ཁེ་གྱོང་གི་འབྲེལ་བ་ཡོད་རིགས། གསུམ་ནི་གྱོད་དོན་འདིའི་དོ་བདག་པ་དང་འབྲེལ་བ་གཞན་དག་ཡོད་པས་གྱོད་དོན་དྲང་གཞག་ངང་ཐག་གཅོད་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པའི་རིགས། དེ་ཡང་གསལ་པོར་བཤད་ན། གྱོད་དོན་འདིའི་དོ་བདག་པར་འབྲེལ་བ་གཞན་ཡོད་པས། གྱོད་དོན་དྲང་གཞག་ངང་ཐག་གཅོད་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་ན་གཡོལ་འོས། གཞན་ཡང་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་སྤེལ་མཁན་དང་གནོད་འཚེ་ཕོག་མཁན་ནམ་དེའི་ཁྲིམས་བཀོད་ལས་ཚབ་པར་ཁོ་ཚོ་གཡོལ་འོས་པའི་རེ་ཞུ་འདོན་དབང་ཡོད”ཅེས་བཀོད་ཡོད།

གོང་གི་གྱོད་དོན་འདིའི་ཁྲོད་དུ།གྱོད་སྒྲུབ་ཉེན་རྟོག་པ་ནི་ཀུན་འགྲུབ་ཀྱི་སློབ་གྲོགས་ཡིན་པས། གལ་ཏེ་ཁོས་གྱོད་དོན་བསྒྲུབ་ན་དྲང་གཞག་མི་ཡོང་བའི་དོགས་གཞི་ཡོད་སྲིད་སྟབས། ཁྱོད་ཀྱི་ཁེ་དབང་ལ་གྱོང་གུད་ཕོག་སྲིད། དེར་བརྟེན། བདེ་སྲུང་ཆད་གཅོད་གྱོད་དོན་དྲང་གཞག་ཡོང་བར་འགན་ལེན་བྱ་ཆེད། ཀུན་འགྲུབ་ཀྱི་སློག་གྲོགས་ཏེ་གྱོད་སྒྲུབ་ཉེན་རྟོག་པ་གཡོལ་འོས། གཞན་ཡང་གཉེན་ཉེའི་འབྲེལ་བ་ཁོ་ན་ཡོད་པ་ལས་གཡོལ་འོས་པ་ཞིག་མིན་ཞིང་། གྱོད་དོན་འདིའི་ཁྲོད་སློབ་གྲོགས་ཀྱི་འབྲེལ་བས་ཀྱང་གྱོད་དོན་ཐག་གཅོད་ལ་ཤུགས་རྐྱེན་བཟོ་སྲིད་པས། ཁྱོད་ཀྱིས《བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་གོང་འཁོད་གཏན་འཁེལ་གཞིར་བཟུང་སྟེ་གཡོལ་འོས་པའི་རེ་ཞུ་འདོན་དབང་ཡོད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།