བོད་འབྲེལ་ས་ཁུལ་མང་པོ་ཞིག་ཏུ་མགོ་སྨན་ནི་ནད་ཐམས་ཅད་འཇོམས་པའི་སྨན་ཞིག་ཏུ་བརྩིས་ཏེ། ལག་པ་དང་རྐང་པ། མཁྲིས་པ། ཕོ་བ་སོགས་གང་ན་ཡང་མགོ་སྨན་ཏག་ཏག་འཐུང་བཞིན་འདུག ལྷག་པར་དུ་རྒན་པ་རྣམས་ཀྱིས་ཉིན་རེར་མགོ་སྨན་ཐེངས་བཞི་ལྔ་ཙམ་འཐུང་མཁན་ཡང་ཡོད་ལ། མགོ་སྨན་འཐུང་བ་ནི་དུས་རྒྱུན་གྱི་གོམས་གཤིས་སུ་ཆགས་འདུག
མི་མང་ཆེ་ཤོས་ཀྱིས་མགོ་སྨན་འཐུང་རྒྱུ་མང་དྲགས་ན་གནོད་པ་ཅི་ཡོད་ཤེས་ཀྱིན་མི་འདུག ཆེད་མཁས་པས་གསུངས་པ་ལྟར་ན། མགོ་སྨན་གྱི་ནང་དུ་ཁཱ་ཧྥེ་ཡེན་ཞེས་པ་དང་ཨན་ཅི་པི་ལིན་ཞེས་པ་སོགས་ཀྱི་རྒྱུ་ཆ་ཡོད་པས་ཐེངས་གཅིག་གཉིས་ཙམ་འཐུང་རྗེས་སླར་ཡང་འཐུང་བསམ་ཞིང་གོམས་ལོབས་སུ་འགྱུར་པ་རེད། ད་དུང་མགོ་སྨན་འཐུང་དྲགས་ན་ཀླད་པ་དང་ཕོ་བ། མཁལ་མ་སོགས་ལ་གནོད་པ་ཧ་ཅང་ཆེན་པོ་ཡོད་པར་མ་ཟད། ལྷག་པར་དུ་མིའི་དྲན་པ་ཉམས་པ་དང་། མཚན་མོ་གཉིད་མི་ཡོང་བ་སོགས་ཀྱི་གནོད་པ་སྐྱེལ་སྲིད། དེ་བས་མགོ་སྨན་འཐུང་རྒྱུ་ཇེ་ཉུང་དུ་བཏང་ན་བཟང་། གལ་ཏེ་ཁྱེད་རང་ལ་ནད་བྱུང་ན་སྨན་ཁང་དུ་སོང་ནས་བརྟག་བཤེར་ལེགས་པོ་བྱས་ནས། སྨན་པའི་ངག་བཞིན་དུ་སྨན་འཐུང་བ་མ་གཏོགས་རང་ཉིད་ཀྱིས་གང་བྱུང་དུ་འཐུང་མི་རུང་།།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།