རིན་མེད་ངང་རླངས་འཁོར་ལ་བསྡད་དེ་འགྲིམ་འགྲུལ་དོན་རྐྱེན་བྱུང་ན་ཁ་ལོ་པས་འགན་འཁུར་དགོས་སམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

གྱོད་དཔེ།

ལྔ་གཅིག་གུང་གསེང་གི་སྐབས་སུ། དོན་འགྲུབ་གྲོང་འདབས་སུ་རྩེ་རུ་འགྲོ་རྒྱུར་སྟ་གོན་བྱེད་པའི་སྐབས་དེར། ཏག་ཏག་ཁྱིམ་མཚེས་བཀྲ་ཤིས་ཀྱིས་རླངས་འཁོར་བསྐོར་ཏེ་གྲོང་འདབས་སུ་འགྲོ་རྩིས་བྱེད་བཞིན་པར་འཕྲད་པས། དོན་འགྲུབ་དེ་མ་ཐག་ཏུ་བཀྲ་ཤིས་ཀྱི་རླངས་འཁོར་ལ་བསྡད་དེ་མཉམ་དུ་གྲོང་འདབས་སུ་ཆས། བློ་ཡུལ་ལས་འདས་པ་ཞིག་ལ་ལམ་བར་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་དོན་འགྲུབ་ལ་རྨས་ཕོག འགྲིམ་འགྲུལ་དོན་རྐྱེན་གྱི་འགན་འཁྲི་ངོས་འཛིན་བྱས་པ་བརྒྱུད། བཀྲ་ཤིས་ཀྱིས་འགན་འཁྲི་ཡོད་ཚད་འཁུར་དགོས་པར་ཐག་བཅད། དེས་ན་དོན་འགྲུབ་ལ་རྨས་ཕོག་པ་དེར་བཀྲ་ཤིས་ཀྱིས་འགན་འཁུར་དགོས་སམ།

གྱོད་དོན་དབྱེ་ཞིབ།

གྱོད་དོན་འདི་ནི་རིན་མེད་ངང་གཞན་གྱི་རླངས་འཁོར་དུ་བསྡད་དེ་འགྲིམ་འགྲུལ་དོན་རྐྱེན་བྱུང་ན་འགན་འཁྲི་འཁུར་དགོས་མིན་གྱི་གནད་དོན་དང་འབྲེལ་ཡོད། གྱོད་དོན་འདིའི་ནང་དུ། བཀྲ་ཤིས་ཀྱིས་སེམས་བཟང་བཅངས་ནས་དོན་འགྲུབ་རིན་མེད་ངང་རང་གི་རླངས་འཁོར་དུ་འདུག་ཏུ་བཅུག་པ་དེ་ནི་མི་གཞན་ལ་རོགས་རམ་བྱེད་པའི་སྤྱོད་བཟང་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོའང་ཡིན་པས་བསྟོད་བསྔགས་བྱེད་རི་བ་ཞིག་ཡིན་མོད། འོན་ཀྱང་། རིན་མེད་ངང་གཞན་གྱི་རླངས་འཁོར་དུ་བསྡད་དེ་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་ལས་དོན་འགྲུབ་ལ་རྨས་ཕོག་པར་མ་ཟད། བཀྲ་ཤིས་ཀྱིས་ཐེངས་འདིའི་འགྲིམ་འགྲུལ་དོན་རྐྱེན་གྱི་འགན་འཁྲི་ཡོད་ཚད་འཁུར་དགོས།  དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། དོན་འགྲུབ་ལ་རྨས་ཕོག་པ་དེར། འཁོར་སྐྱོད་ཚོང་གཉེར་མིན་པའི་འཕྲུལ་སྒུལ་རླངས་འཁོར་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་རིན་མེད་ངང་རླངས་འཁོར་དུ་འདུག་མཁན་ལ་རྨས་ཕོག་རྗེས། འགན་འཁྲི་ནི་རླངས་འཁོར་དེ་གའི་ཕྱོགས་སུ་གཏོགས་ན། དེ་གའི་གྱོང་གསབ་འགན་འཁྲི་ཇེ་ཡང་དུ་གཏོང་དགོས། དེ་ལྟ་ན། དོན་འགྲུབ་ལ་རྨས་སྐྱོན་བཟོས་པ་དེར་བཀྲ་ཤིས་ཀྱིས་གྱོང་གསབ་འགན་འཁྲི་འཁུར་དགོས་མོད།འོན་ཀྱང་གྱོང་གསབ་ཇེ་ཡང་དུ་བཏང་ཆོག

འབྲེལ་ཡོད་ཁྲིམས་ཚན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུངགི་དོན་ཚན1217པ། འཁོར་སྐྱོད་ཚོང་གཉེར་མིན་པའི་འཕྲུལ་སྒུལ་རླངས་འཁོར་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་རིན་མེད་ངང་རླངས་འཁོར་དུ་འདུག་མཁན་ལ་རྨས་སྐྱོན་ཕོག་པ་དེའི་འགན་འཁྲི་རླངས་འཁོར་སྐོར་མཁན་གྱི་ཕྱོགས་སུ་གཏོགས་ཚེ། དེ་གའི་གྱོང་གསབ་འགན་འཁྲི་ཇེ་ཡང་དུ་གཏོང་དགོས། ཡིན་ཡང་རླངས་འཁོར་བཀོལ་སྤྱོད་མཁན་གྱིས་བསམ་བཞིན་བཟོས་པ་དང་ཡང་ན་བྱས་ཉེས་ཚབས་ཆེན་བསགས་ཡོད་པ་ཕུད་དགོས།

ཁྲིམས་ཚན་ཞིབ་འགྲེལ།

ཁྲིམས་ཚན་འདི་ནི་དམངས་དོན་ཁྲིམས་གཞུང་ལས་འཕྲུལ་སྒུལ་རླངས་འཁོར་གྱི་འགྲིམ་འགྲུལ་དོན་རྐྱེན་གྱི་འགན་འཁྲི་ངོས་འཛིན་ཁྲོད་ཀྱི་སེམས་བཟང་བཅངས་ནས་མཉམ་སྐྱོད་བྱེད་པའི་ཐད་ཀྱི་གཏན་འབེབས་རེད།

སེམས་བཟང་བཅངས་ནས་མཉམ་དུ་སྐྱོད་པའི་གྱོང་གསབ་སྒྲིག་སྲོལ་ཞེས་པ་ནི་རིན་མེད་ངང་གཞན་གྱི་འཕྲུལ་སྒུལ་རླངས་འཁོར་དུ་བསྡད་པར་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ། རིན་མེད་ངང་རླངས་འཁོར་དུ་འདུག་མཁན་ལ་རྨས་སྐྱོན་བཟོས་པ་དང་། རླངས་འཁོར་དེ་གའི་ཕྱོགས་ཀྱི་འགན་འཁྲིར་གཏོགས་ཚེ། རླངས་འཁོར་དེའི་ཕྱོགས་ཀྱི་གྱོང་གསབ་འགན་འཁྲི་ཇེ་ཡང་དུ་གཏོང་བའི་སྒྲིག་སྲོལ་ལ་གོ་བ་ཡིན། འཁོར་སྐྱོད་ཚོང་གཉེར་མིན་པའི་འཕྲུལ་སྒུལ་རླངས་འཁོར་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་རིན་མེད་ངང་རླངས་འཁོར་དུ་འདུག་མཁན་ལ་རྨས་སྐྱོན་བཟོས་པ་ཡིན་ན། འཕྲུལ་སྒུལ་རླངས་འཁོར་བཀོལ་སྤྱོད་མཁན་གྱིས་འགན་འཁུར་དགོས། ཡིན་ཡང་འཕྲུལ་སྒུལ་རླངས་འཁོར་བཀོལ་སྤྱོད་མཁན་གྱི་གྱོང་གསབ་འགན་འཁྲི་ཇེ་ཡང་དུ་གཏོང་དགོས། གལ་ཏེ་འཕྲུལ་སྒུལ་རླངས་འཁོར་བཀོལ་སྤྱོད་མཁན་གྱིས་བསམ་བཞིན་བཟོས་པ་དང་ཡང་ན་བྱས་ཉེས་ཚབས་ཆེན་བསགས་ཏེ་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་དང་། རིན་མེད་ངང་རླངས་འཁོར་དུ་འདུག་མཁན་ལ་གནོད་སྐྱོན་བཟོས་པ་ཡིན་ན། འཕྲུལ་སྒུལ་རླངས་འཁོར་བཀོལ་སྤྱོད་མཁན་གྱི་འགན་འཁྲི་ཇེ་ཡང་དུ་གཏོང་མི་རུང་། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།