གློག་རྡུལ་ཚོང་དོན་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་འགན་འཁྲིའི་གཏན་འཁེལ་ནི། དམངས་དོན་བྱ་སྤྱོད་སྤེལ་མཁན་དེས་དབང་གནོད་བྱ་སྤྱོད་སྤེལ་བའི་དབང་གིས་འཁུར་དགོས་པའི་དམངས་དོན་བཅའ་ཁྲིམས་ཀྱི་མཇུག་འབྲས་དེ་ཡིན། དབང་གནོད་བྱ་སྤྱོད་སྤེལ་མཁན་གྱིས་ཕ་རོལ་པོར་འོས་འགན་འདི་འདྲ་ཞིག་འཁུར་དགོས་ཏེ། རང་ཉིད་ཀྱི་ནོར་འཁྲུལ(ནོར་འཛོལ)བྱ་སྤྱོད་ཀྱིས་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་མི་གཏོང་བ་དང་། དེ་མིན་ཁེ་དབང་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་དུ་གྱུར་ན་གནོད་འཚེ་ཕོག་མཁན་ལ་འགན་འཁྲི་འཁུར་དགོས། དབང་གནོད་བྱ་སྤྱོད་ཚང་མ་གཞི་རྩའི་ཐོག་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན། དབང་གནོད་བྱ་སྤྱོད་ཞེས་པ་ནི་མི་གཞན་གྱི་མི་ལུས་རྒྱུ་ནོར་རམ་ཤེས་བྱའི་ཐོན་དབང་ལ་བཙན་གནོད་བྱས་ནས་ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཟེར།
ཁེ་དབང་ལ་གནོད་འཚེ་བཏང་བའི་འགན་འཁྲིའི་བཅའ་ཁྲིམས་ཀྱི་ཁྱད་ཆོས་གང་ཡིན།
དབང་གནོད་འགན་འཁྲིའི་བཅའ་ཁྲིམས་ཀྱི་ཁྱད་ཆོས་ནི་གཤམ་གསལ་ལྟར།
1. དབང་གནོད་འགན་འཁྲི་ནི་དམངས་དོན་བྱ་སྤྱོད་སྤེལ་མཁན་བཅའ་ཁྲིམས་གཏན་འཁེལ་གྱི་འོས་འགན་དང་འགལ་བའི་དབང་གིས་འཁུར་དགོས་པའི་བཅའ་ཁྲིམས་ཀྱི་མཇུག་འབྲས་ཡིན།
དམངས་དོན་འོས་འགན་ལ་ཁྲིམས་བཀོད་འོས་འགན་དང་ཁ་ཆད་བྱས་པའི་འོས་འགན་གཉིས་ཡོད། ཁྲིམས་བཀོད་འོས་འགན་ནི་བཅའ་ཁྲིམས་ཀྱི་བཙན་ཤེད་རང་བཞིན་གྱི་ཚད་གཞི་དང་བཀག་སྡོམ་རང་བཞིན་གྱི་ཚད་གཞི་བརྒྱུད་དེ་གཏན་འཁེལ་བྱས་པའི་འོས་འགན་ཡིན། འོས་འགན་འདིའི་རིགས་ནི་རང་བྱུང་མི་དང་ཁྲིམས་མི་ཚང་མར་ཡོངས་ཁྱབ་ཀྱི་སྤྱོད་གོ་ཆོད་པའི་རང་བཞིན་ལྡན་པས། འོས་འགན་འདིའི་རིགས་དང་འགལ་ན་དབང་གནོད་བྱ་སྤྱོད་ཀྱི་འགན་འཁྲི་རུ་གྲུབ་ངེས། ཁ་ཆད་བཞག་པའི་འོས་འགན་ནི་དམིགས་བསལ་གྱི་དོ་བདག་བར་གཏན་འཁེལ་བྱས་པའི་འོས་འགན་རིགས་ཤིག་ཡིན་ཞིང་། ཁ་ཆད་བཞག་པའི་འོས་འགན་དང་འགལ་ན་ཁ་ཆད་དང་འགལ་བའི་འགན་འཁྲི་རུ་གྲུབ་ངེས།
2. དབང་གནོད་འགན་འཁྲིའི་དབང་གནོད་བྱ་སྤྱོད་ནི་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་དགོས།
དབང་གནོད་འགན་འཁྲི་བྱུང་བའི་རྨང་གཞི་ནི་ཁེ་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད་ཡིན་ལ། དབང་གནོད་བྱ་སྤྱོད་མེད་ན་ཁེ་དབང་ལ་བཙན་གནོད་བྱེད་པའི་འགན་འཁྲི་འཁུར་བའི་གནད་དོན་མེད། དབང་གནོད་འགན་འཁྲི་ནི་བྱ་སྤྱོད་སྤེལ་མཁན་གྱིས་ཁེ་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད་སྤེལ་ཏེ་འཁུར་དགོས་པའི་བཅའ་ཁྲིམས་ཀྱི་མཇུག་འབྲས་ཡིན།
3. དབང་གནོད་འགན་འཁྲིའི་རྣམ་པར་སྣ་མང་རང་བཞིན་ལྡན་པ།
དབང་གནོད་འགན་འཁྲི་འཁུར་མཁན་ནམ་འགན་འཁུར་མཁན་གྱིས་གྱོང་གུད་སྐྱིན་ཚབ་འཇལ་བ་དང་རྒྱུ་ནོར་ཕྱིར་སློག་བྱེད་པ་སོགས་རྒྱུ་ནོར་གྱི་འགན་འཁྲི་འཁུར་དགོས་པ་ཕུད། གནས་ཚུལ་མང་པོའི་འོག་ད་དུང་དུས་མཉམ་དུ་གནོད་འཚེ་གཏོང་མཚམས་འཇོག་པ་དང་མཚན་སྙན་སླར་གསོ་བྱེད་པ། ཤུགས་རྐྱེན་མེད་པར་བཟོ་བ། དགོངས་དག་ཞུ་བ་སོགས་རྒྱུ་ནོར་མ་ཡིན་པའི་འགན་འཁྲི་འཁུར་སྲིད།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།