གཉེན་སྒྲིག་དཔང་ཡིག་མེད་ན་ཁྱོ་ཤུག་གི་འབྲེལ་བ་ཡོད་དམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

ཀྲུང་གོར་གཉེན་སྒྲིག་གི་འབྲེལ་བ་གཏན་འཁེལ་བྱེད་པར་དམངས་སྲིད་སྡེ་ཁག་ཏུ་གཉེན་སྒྲིག་ཐོ་འགོད་བྱ་དགོས་པར་མ་ཟད། གཉེན་སྒྲིག་དཔང་ཡིག་ཀྱང་ལེན་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1049པའི་གཏན་འཁེལ་ལྟར་ན། གཉེན་སྒྲིག་གི་རེ་འདུན་ཞུ་མཁན་ཕོ་མོ་ཕྱོགས་གཉིས་ཀ་དངོས་སུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་སོང་སྟེ་གཉེན་སྒྲིག་ཐོ་འགོད་ཞུ་དགོས་ཞེས་གཏན་འཁེལ་བྱས་ཡོད། བཅའ་ཁྲིམས་འདིའི་གཏན་འཁེལ་དང་མཐུན་པ་རྣམས་ཐོ་འགོད་བྱས་ཏེ་གཉེན་སྒྲིག་དཔང་ཡིག་སྤྲད་དགོས། གཉེན་སྒྲིག་ཐོ་འགོད་ལེགས་འགྲུབ་བྱུང་བ་ནི་གཉེན་སྒྲིག་གི་འབྲེལ་བ་གཏན་འཁེལ་བྱས་པ་དེ་ཡིན། གཉེན་སྒྲིག་ཐོ་འགོད་བྱས་མེད་ན་ཐོ་འགོད་གསབ་སྒྲུབ་བྱ་དགོས། གོང་གསལ་གྱི་གཏན་འཁེལ་ལ་བལྟས་ན་ཁྲིམས་མཐུན་གྱི་ཁྱོ་ཤུག་ཏུ་འགྱུར་འདོད་ན། ཕྱོགས་གཉིས་ཀས་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་གཉེན་སྒྲིག་ཐོ་འགོད་བྱེད་པར་མི་རང་ཉིད་དངོས་སུ་སོང་སྟེ་ཁྲིམས་ལྟར་གཉེན་སྒྲིག་གི་དཔང་ཡིག་ལེན་དགོས། གཉེན་སྒྲིག་དཔང་ཡིག་ནི་ཁྲིམས་ལུགས་སྟེང་གཉེན་སྒྲིག་གི་འབྲེལ་བ་ངོས་འཛིན་པའི་ནུས་ལྡན་གྱི་བདེན་དཔང་ཡིག་ཆ་ཡིན་ལ། གཉེན་སྒྲིག་ཐོ་འགོད་དང་གཉེན་སྒྲིག་དཔང་ཡིག་ལེན་རྒྱུ་ནི་གཉེན་སྒྲིག་འབྲེལ་བ་གཏན་འཁེལ་བྱེད་པའི་ཁྲིམས་བཀོད་བརྒྱུད་རིམ་ཞིག་ཡིན་པ་དང་། བརྒྱུད་རིམ་དེ་དག་ལེགས་འགྲུབ་བྱུང་མེད་ཚེ། ཕྱོགས་གཉིས་ཀས་བཅའ་ཁྲིམས་ཀྱི་གཉེན་སྒྲིག་འབྲེལ་བའི་ཁེ་དབང་དང་འོས་འགན་ལོངས་སུ་སྤྱད་མི་ཆོག དེར་བརྟེན། གལ་ཏེ་གཉེན་སྒྲིག་དཔང་ཡིག་བླངས་མེད་ཚེ། ཕྱོགས་གཉིས་ཀ་ཁྲིམས་མཐུན་གྱི་བཟའ་ཟླའི་འབྲེལ་བ་མིན་པ་དང་། གལ་ཏེ་ཕྱོགས་གཉིས་ཀས་གཉེན་སྒྲིག་གི་འབྲེལ་བ་གཏན་འཁེལ་བྱ་རྒྱུའི་རེ་བ་བཏོན་ཚེ། བཅའ་ཁྲིམས་ཀྱི་གཏན་འཁེལ་གཞིར་བཟུང་སྟེ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་གཉེན་སྒྲིག་ཐོ་འགོད་བྱེད་པར་བསྐྱོད་དགོས་པར་མ་ཟད། ད་དུང་གཉེན་སྒྲིག་དཔང་ཡིག་ཀྱང་ལེན་དགོས།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།