གློག་སྒུལ་ལྕགས་རྟ་སྒྲིག་འགལ་ངང་འཇོག་པ་དང་གློག་གསོག་ན་བཅའ་ཁྲིམས་ཀྱི་འགན་འཁྲི་གང་དག་འཁུར་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་ཟོན་བཅའ་ཁྲིམས》ཀྱི་དོན་ཚན60པར། མི་སྒེར་གྱིས་འགྲོ་སའི་བགྲོད་ལམ་དང་བདེ་འཇགས་འབུད་སྒོ་བཟུང་སྤྱོད་དང་བཀག་འགོག བཀག་སྡོམ་བྱས་པའམ་འགོག་རྐྱེན་བཟོ་བའི་བྱ་སྤྱོད་གཞན་དག་ཡོད་པའི་རིགས་ལ་དྲན་སྐུལ་ལམ་དངུལ་ཆད་སྒོར500མན་གཅད་རྒྱུ་ཞེས་གཏན་འཁེལ་བྱས་ཡོད།

དོན་ཚན64པའི་གཏན་འཁེལ་ལྟར་ན། ལས་འཛོལ་གྱི་མེ་སྐྱོན་བྱུང་ཡང་ནག་ཉེས་སུ་མ་གྲུབ་ན། ཉིན10ཡན་ནས་ཉིན15མན་བཀག་ཉར་དང་སྒོར500མན་གྱི་དངུལ་ཆད་ཀྱང་བཅད་ཆོག ཉེས་ཚབས་ཆུང་བའི་རིགས་ལ་དྲན་སྐུལ་ལམ་སྒོར500མན་གྱི་དངུལ་ཆད་གཅད་རྒྱུ་ཞེས་བཀོད་ཡོད།

《མཐོ་རིམ་དམངས་སྤྱོད་འཛུགས་སྐྲུན་གྱི་མེ་ཟོན་བདེ་སྲུང་དོ་དམ་གཏན་འཁེལ》གྱི་དོན་ཚན37པའི་གཏན་འཁེལ་ལྟར་ན། མཐོ་རིམ་དམངས་སྤྱོད་བཟོ་སྐྲུན་གྱི་སྤྱི་པའི་སྒོ་དང་འགྲོ་སའི་བགྲོད་ལམ། ཐོག་ཁང་བར་ཁྱམས། བདེ་འཇགས་འབུད་སྒོ་བཅས་སུ་གློག་སྒུལ་ལྕགས་རྟ་འཇོག་པའམ་གློག་གསོག་པའི་རིགས་ལ་གཏན་འགོག་བྱ་རྒྱུ་ཞེས་བཀོད་ཡོད།

དོན་ཚན47པའི་གཏན་འཁེལ་དང་འགལ་ཏེ་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། མེ་གསོད་མེ་འགོག་རོགས་སྐྱོབ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་འགན་དཀྲི་བ་དང་། གཉེར་སྐྱོང་རང་བཞིན་ལྡན་པའི་ལས་ཁུངས་དང་མི་སྒེར་ལ་སྒོར2000ཡན་ནས་སྒོར10000མན་བར་གྱི་དངུལ་ཆད་གཅད་རྒྱུ། གཉེར་སྐྱོང་རང་བཞིན་མིན་པའི་ལས་ཁུངས་དང་མི་སྒེར་ལ་སྒོར500ཡན་ནས་སྒོར1000མན་བར་གྱི་དངུལ་ཆད་གཅད་རྒྱུ་སྟེ། མཐོ་རིམ་དམངས་སྤྱོད་བཟོ་བཀོད་ཀྱི་སྤྱི་པའི་སྒོ་དང་འགྲོ་སའི་བགྲོད་ལམ། ཐོག་ཁང་བར་ཁྱམས། བདེ་འཇགས་འབུད་སྒོ་བཅས་སུ་གློག་སྒུལ་ལྕགས་རྟ་འཇོག་པའམ་གློག་གསོག་ནས་ཡོ་བསྲང་མི་བྱེད་པའི་རིགས་བཅས་ཡིན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན114པའི་གཏན་འཁེལ་ལྟར་ན། མེ་སྒྲོན་པ་དང་ཆུ་རགས་གཏོར་བ། འབར་གས། དེ་བཞིན་དུག་རྫས་ཀྱི་རང་བཞིན་ལྡན་པ་དང་འཕྲོ་བའི་རང་བཞིན་ལྡན་པ། འགོས་ནད་ཀྱི་འབྱུང་ཁུངས་སོགས་ཀྱི་དངོས་པོ་འཇོག་པའམ་ཉེན་ཁ་ཆེ་བའི་བྱེད་ཐབས་གཞན་དག་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་སྟེ་འཇུག་འབྲས་ཚབས་ཆེན་མ་བཟོས་པའི་རིགས་ལ་དུས་བཀག་བཙོན་འཇུག་ལོ3ཡན་ནས་ལོ10མན་བར་གྱི་ཉེས་ཆད་གཅད་རྒྱུ་ཞེས་བཀོད་ཡོད།

དོན་ཚན115པའི་གཏན་འཁེལ་ལྟར་ན། མེ་སྒྲོན་པ་དང་ཆུ་རགས་གཏོར་བ། འབར་གས། དེ་བཞིན་དུག་རྫས་ཀྱི་རང་བཞིན་ལྡན་པ་དང་འཕྲོ་བའི་རང་བཞིན་ལྡན་པ། འགོས་ནད་ཀྱི་འབྱུང་ཁུངས་སོགས་ཀྱི་དངོས་པོ་འཇོག་པའམ་ཉེན་ཁ་ཆེ་བའི་བྱེད་ཐབས་གཞན་དག་ལ་བརྟེན་ནས་མི་ལ་རྨས་སྐྱོན་ཚབས་ཆེན་བཟོས་པ་དང་། ཤི་བའམ་གཞུང་སྒེར་གྱི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པའི་རིགས་ལ་དུས་བཀག་བཙོན་འཇུག་ལོ10ཡན་དང་ཚེ་བཙོན་ནམ་སྲོག་ཁྲིམས་ཀྱི་ཉེས་ཆད་གཅད་རྒྱུ་ཞེས་བཀོད་ཡོད།

ལས་འཛོལ་བྱུང་སྟེ་གོང་འཁོད་ནག་ཉེས་བསགས་ན། དུས་བཀག་བཙོན་འཇུག་ལོ3ཡན་ནས་ལོ7མན་བར་གྱི་ཉེས་ཆད་གཅད་རྒྱུ་དང་། ཉེས་ཚབས་ཆུང་བའི་རིགས་ལ་དུས་བཀག་བཙོན་འཇུག་ལོ3མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅད་རྒྱུ་ཞེས་བཀོད་ཡོད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།