གར་སོང་ཆ་མེད་དུ་གྱུར་པའི་ཁང་བདག

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

སྐྱེས་པ་ཞིག་གིས་ཁང་པ་མང་པོ་གླས་པའི་རྗེས་སུ། ཡོང་སྒོ་འཚོལ་བའི་ཆེད་དུ་ཡང་བསྐྱར་གཞན་ལ་གླས་ཏེ་གླ་དངུལ་བླངས་རྗེས་གར་སོང་ཆ་མེད་དུ་གྱུར།

ཉེ་ཆར། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་བྱང་ཡན་ལག་ཅུའུ་དཔལ་འབྱུར་མྱུལ་ཞིབ་རུ་ཆེན་གྱིས་གན་རྒྱའི་མགོ་སྐོར་མུ་འབྲེལ་གྱོད་གཞི་ཞིག་བརྟོལ་ནས་དོགས་ཡོད་ཉེས་ཅན1བཟུང་བ་དང་། གྱོད་འབྲེལ་མ་དངུལ་སྒོར་ཁྲི110ལྷག་ཟིན།

2022ལོའི་ཟླ8པར། ཞིང་ཆེན་གཞན་ནས་ཟི་ལིང་ལ་ཞོར་ལས་སུ་ཡོང་བའི་སྐྱེས་མ་ཝང་ཆེ་གེ་མོས་གྲོགས་པོ་སྡོད་སའི་གཞིས་ཁུལ་སྒོ་འགྲམ་དུ་བརྡ་ཁྱབ་ཅིག་མཐོང་བ་ལས། གླ་གཏོང་ཁང་པ་ནི་ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུའུ་ཡི་གཞིས་ཁུལ་ག་གེ་མོ་རུ་ཡོད་པ་དང་། གླ་གཏོང་ཁང་པ་དེ་ནི་རང་གི་ལས་ཁུངས་དང་ཐག་ཉེ་བར་མ་ཟད། ད་དུང་གླ་རིན་ཡང་འོས་འཚམ་ཡིན་པས་དེ་མ་ཐག་བརྡ་ཁྱབ་སྟེང་གི་འབྲེལ་གཏུག་མི་སྣ་ཀྲང་ཆེ་གེ་མོར་ཁ་པར་བཏང་།

“ཁྱོད་བདེ་མོ། ངས་ཁང་པ་འདི་བརྡ་ཁྱབ་སྟེང་ནས་མཐོང་བ་ཡིན་པས། གླས་ཆོག་གམ”

“གླས་ཆོག”

རྗེས་སུ་ཀྲང་ཆེ་གེ་མོས་ཝང་ཆེ་གེ་མོ་ཁྲིད་དེ་ཁང་པར་ལྟ་རུ་སོང་།

“ཁང་པའི་གླ་རིན་འདི་འདྲ་དམའ་བའི་རྒྱུ་མཚན་ཅི”

“ང་ལ་ཟི་ལིང་དུ་ཁང་པ་འགའ་ཡོད་ལ། ཁང་པ་འདི་ལས་ཁུངས་དང་ཐག་ཅུང་རིང་བས་རིན་གོང་བདེ་མོའི་ངང་ནས་གླ་འདོད་པ་ཡིན”

དེ་ནས་ཝང་ཆེ་གེ་མོས་ལོ2ཀྱི་གན་རྒྱ་བཞག་སྟེ། ཟླ1གི་གླ་རིན་སྒོར2500ལྟར་གཏན་འཁེལ་བྱས་ནས་ཐེངས་གཅིག་རང་བཞིན་གྱིས་ལོ1གི་གླ་རིན་སྒོ་ཁྲི3དང་གཏའ་དངུལ་སྒོར2500སྤྲད་པ་རེད།

2023ལོའི་ལོ་མཇུག་གི་ཉིན་ཞིག་ལ། རང་ཉིད་ནི་ཁང་བདག་ཡིན་ཟེར་བའི་སྐྱེས་པ་ཞིག་ཡོང་ནས“ཁང་པ་འདིའི་གླས་ཡུན་ཐོན་འདུག  ཁྱོད་ཚོ་ད་དུང་འདུག་དོན་ཅི་ཡིན། རེམ་མ་གནས་སྤོར་བྱོས”ཞེས་བཤད། ཝང་ཆེ་གེ་མོས་ཧ་ལས་པའི་ངང་དོན་དག་བརྒྱུད་རིམ་ཇི་མ་ཇི་བཞིན་ཁང་བདག་ལ་བཤད་རྗེས།  ཁོ་གཉིས་ཀྱིས་མཉམ་དུ་ཀྲང་ཆེ་གེ་མོར་ཐངས་གང་མང་ལ་ཁ་པར་བཏང་ཡང་འབྲེལ་བ་བྱེད་མ་ཐུབ། སྐབས་དེར་ཝང་ཆེ་གེ་མོས་རང་ཉིད་གཞན་གྱི་གཡོ་འོག་ཏུ་ཚུད་པ་ཤེས་ནས་ཉེན་རྟོག་ཕྱོགས་ལ་གྱོད་དོན་སྙན་སེང་ཞུས།

སྙན་སེང་འབྱོར་རྗེས། མཁར་བྱང་ཡན་ལག་ཅུའུ་དཔལ་འབྱོར་མྱུལ་ཞིབ་རུ་ཆེན་ཉེན་རྟོག་པ་རྩ་འཛུགས་བྱས་གྱོད་གཞི་བརྟོལ་བའི་ལས་དོན་སྤེལ། མཇུག་མཐར་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོའི་དངུལ་ཁང་གི་རྩིས་ཐོ་དང་། ཁོས་གནོད་འཚེ་ཕོག་མཁན་ཚོར་བཞག་པའི་གན་རྒྱ་སོགས་ཀྱི་ཉེས་བསགས་བདེན་དཔང་གཏན་འཁེལ་བྱས་རྗེས་འཛིན་བཟུང་བྱས་པ་རེད། འདྲི་ཞིབ་བྱས་པ་བརྒྱུད། ཀྲང་ཆེ་གེ་མོས་རང་གི་ཉེས་བསགས་དོན་དངོས་ཁས་བླངས།

མ་གཞིར། 2022ལོ་ནས་མགོ་བརྩམས་ཏེ་ཀྲང་ཆེ་གེ་མོས་དུས་ཡུན་ཐུང་ངུའི་ནང་ཁང་པ་གླས་པའི་རྣམ་པ་སྤྱད་དེ་ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུའུ་ཡི་ཁང་པ་མང་པོ་གླས་རྗེས། ཁང་བདག་གཉིས་པའི་ངོས་ཐད་ནས་གསང་བའི་སྒོ་ནས་གཞན་ལ་གླས་ཏེ་ཡོང་སྒོ་བཙལ་བ་རེད། ཝང་ཆེ་གེ་མོ་དང་འདྲ་བར་མགོ་སྐོར་ཐེབས་པའི་མི60ཡོད་ཅིང་གྱོད་འབྲེལ་མ་དངུལ་སྒོར་ཁྲི110ལྷག་ཟིན།

མིག་སྔར། དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོས་གན་རྒྱའི་མགོ་སྐོར་གྱི་ནག་ཉེས་བསགས་ཡོད་པས་ཉེས་དོན་བཙན་ཐབས་སྤྱད་ཡོད་ཅིང་། གྱོད་གཞི་ལ་མུ་མཐུད་དུ་མྱུལ་ཞིབ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།