རྩོད་དོན་བྱུང་ཚེ་གྲོས་མོལ་དགོས། རྡུང་རེས་རྒྱག་པ་ལས་ཀྱི་ཐ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

“བདེ་འཇགས་ཞིན་ཧེ”འཛུགས་སྐྲུན་གྱི་བྱ་བ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱ་ཆེའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་ཆེད། ཟླ4པའི་ཚེས25ཉིན། ཞིན་ཧེ་རྫོང་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ཚན་ཁག་གིས་ཚེ་སྲོག་ཁེ་དབང་དང་བདེ་ཐང་ཁེ་དབང་། མི་ལུས་ཁེ་དབང་གི་གྱོད་གཞི་ཞིག་འདུམ་འགྲིག་བྱས་ཏེ། ཕན་ཚུན་དགྲ་རུ་གྱུར་པའི་དོ་བདག་ཕྱོགས་གཉིས་ཀས་ལག་རྡང་སྦྲེལ་ཏེ་འགྲིག་མཐུན་ཡོང་དུ་བཅུག་པར་མ་ཟད། སྨན་རིན་སོགས་སྒོར3326རང་འགུལ་ངང་ཡུལ་དངོས་ནས་བྱིན། 

གྱོད་གཞིའི་གནས་ཚུལ།

2024ལོའི་ཟླ3པའི་ཚེས16ཉིན། གྱོད་བདག་དབྱངས་ཆེ་གེ་མོས་འཕྲུལ་རྟ་ཞོན་ཏེ་ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་གྱི་སྲང་ལམ་བཞི་མདོ་ནས་རང་ཁྱིམ་ལ་ལོག་པའི་སྐབས་སུ། རླངས་འཁོར་བསྐོར་ཡོད་པའི་གྱོད་ཡ་འཇིག་ཆེ་གེ་མོ་དང་ལྷ་ཆེ་གེ་མོའི་བར་དུ་ཁ་རྩོད་བྱུང་བར་མ་ཟད། ཕན་ཚུན་ལ་ཕར་འདེད་ཚུར་འཐེན་བྱས་ཏེ་རྒྱག་རེས་བྱས། རྡུང་རེས་བྱེད་པའི་གོ་རིམ་ཁྲོད་དུ། གྱོད་ཡ་འཇིག་ཆེ་གེ་མོ་དང་ལྷ་ཆེ་གེ་མོས་གྱོད་བདག་དབྱངས་ཆེ་གེ་མོའི་འགྲམ་པ་གཡོན་པ་དང་མགོ་བོ་སོགས་སུ་རྨས་སྐྱོན་བཟོས། ཁྲིམས་འཛིན་གསལ་འབྱེད་བྱས་པ་ལྟར་ན། གྱོད་བདག་དབྱངས་ཆེ་གེ་མོར་རྨས་སྐྱོན་ཕག་ཚད་ནི་ཡང་མོ་ཡིན། དོན་རྐྱེན་བྱུང་རྗེས། གྱོད་བདག་དབྱངས་ཆེ་གེ་མོས་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་ཞི་བྱས་རྗེས་རང་ཉིད་རླངས་འཁོར་ལ་བསྡད་དེ་ཟི་ལིང་དུ་སྨན་བཅོས་བྱེད་པར་སོང་། སྤྱི་བདེ་ལས་ཁུངས་ཀྱིས་གྱོད་ཡ་འཇིག་ཆེ་གེ་མོ་དང་ལྷ་ཆེ་གེ་མོ་གཉིས་ལ་ཉིན12ཀྱི་བཀག་བསྐྱིལ་དང་སྒོར600ཡི་ཆད་པ་བཅད། གྱོད་བདག་དབྱངས་ཆེ་གེ་མོ་སྨན་ཁང་ནས་ཉིན10རིང་སྨན་བཅོས་བྱས་པ་དང་། སྨན་རིན་དང་ཁྲིམས་འཛིན་གསལ་འབྱེད་ཀྱི་འགྲོ་སོང་དང་ལས་ཆག་གྲོན་དངུལ། འགྲིམ་འགྲུལ་འགྲོ་སོང་། ནད་གཡོག་གི་འགྲོ་གྲོན་སོགས་བསྡོམས་པས་སྒོར4326ཤོར་བ་དང་། གྱོད་བདག་གིས་གྱོད་ཡ་གཉིས་ཀར་གྲོས་མོལ་བྱས་ཏེ་རྩོད་གཞི་ཐག་གཅོད་བྱེད་པའི་རེ་བ་བཏོན་ཡང་། གྱོད་ཡ་གཉིས་ཀས་རང་ཉིད་ལ་སྤྱི་བདེ་ལས་ཁུངས་གིས་ཆད་པ་བཅད་ཟིན་པ་རྒྱུ་མཚན་དུ་བྱས་ཏེ་དང་ལེན་མ་བྱས་པས། གྱོད་བདག་གིས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས།

འདུམ་སྒྲིག་གི་གནས་ཚུལ།

ཞིན་ཧེ་རྫོང་མི་དམངས་ཁྲིམས་ཁང་འདྲི་གཅོད་ཚན་ཁག་གི་གྱོད་གཞི་ལས་སྒྲུབ་མི་སྣས་གྱོད་བདག་གི་ཞུ་གཏུག་ཡི་གེ་དང་འབྲེལ་ཡོད་དཔང་རྟགས་ལ་ཞིབ་བཤེར་ལེགས་པོ་བྱས་རྗེས།  གྱོད་བདག་དང་གྱོད་ཡ་འདུམ་སྒྲིག་ཁང་དུ་སྣེ་ལེན་བྱས་ཏེ་དོན་དག་གི་མགོ་མཇུག་བར་གསུམ་ལ་རྒྱུས་ལོན་ཟབ་མོ་ཞིག་བྱས་པར་མ་ཟད། གྱོད་གཞི་འདིའི་དོ་བདག་ཕན་ཚུན་བར་འགལ་རྩོད་ཆེ་བ་དང་འདུམ་སྒྲིག་བྱ་བ་བདེ་ལེགས་ངང་སྤེལ་བར་བསམས་ཏེ། ཐོག་མར།  གྱོད་བདག་དང་གྱོད་ཡ་གཉིས་ཀ་ཁ་ཁར་འབུད་དུ་བཅུག་སྟེ་སློབ་གསོ་བཏང་ཞིང་། བཅའ་ཁྲིམས་ཀྱི་གཏན་ཁེལ་ཕྱོགས་སོ་སོར་གསལ་བཤད་བྱས་ཏེ་འདུམ་འགྲིག་བྱས་པ་དང་།  ཕྱོགས་གཉིས་ཀའི་སེམས་པ་ཞི་ལྷོད་དུ་སོང་བ་བསྟུན་ནས་ཕན་ཚུན་མཉམ་དུ་བོས་ཏེ་གྱོད་བདག་གིས་ཁྲིམས་ཁང་ལ་འདོན་སྤྲོད་བྱས་པའི་གཏུག་ཡིག་དང་བདེན་དཔང་སོགས་གྱོད་ཡར་སྤྲད་དེ་རང་ཉིད་ཀྱི་འདུམ་འགྲིག་ཐད་ཀྱི་བསམ་ཚུལ་བཤད་དུ་བཅུག  མཇུག་མཐར། གྱོད་དོན་ལས་སྒྲུབ་མི་སྣས་དོ་བདག་པ་ཕྱོགས་གཉིས་ཀའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་འདུམ་སྒྲིག་གི་རང་མོས་རང་འཐད་ཀྱི་རྩ་དོན་གཞིར་བྱས་ཏེ། གྱོད་བདག་གྱོད་ཡ་གཉིས་ཀར་རང་མོས་ངང་གྱོད་གཞིའི་ཐག་གཅོད་བྱེད་ཐབས་ལ་རང་ཉིད་ཀྱི་འདུམ་སྒྲིག་བསམ་ཚུལ་འདོན་དུ་བཅུག་པར་མ་ཟད། ཕྱོགས་གཉིས་ཀར་དོགས་གཞི་ཡོད་པའི་དྲི་བ་དང་བསམ་ཚུལ་ལ་ཡུལ་དངོས་ནས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་ཁེལ་དག་གསལ་བཤད་བྱས་ཤིང་། མི་དམངས་ཁྲིམས་ཁང་གིས་ནམ་རྒྱུན་དུ་གྱོད་གཞི་འདིའི་རིགས་ཇི་ལྟར་ཐག་གཅོད་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་གྱོད་གཞི་འདི་ཡང་ཇི་ལྟར་ཐག་གཅོད་བྱས་ཚེ་ཕྱོགས་གཉིས་ཀར་ཕན་པ་ཡོད་ཚུལ་ནན་ཏན་སྒོས་གསལ་བཤད་བྱས་ཏེ་འདུམ་འགྲིག་བྱ་བར་སྣེ་ཁྲིད་བྱས་མཐར།  ཕྱོགས་གཉིས་ཀ་གྲོས་མཐུན་བྱུང་སྟེ་གྲོས་ཡིག་སྟེང་མིང་རྟགས་བཀོད་པར་མ་ཟད། གྱོད་ཡ་གཉིས་ཀས་རང་མོས་ངང་ཡུལ་དངོས་ནས་གྱོད་བདག་ལ་དགོངས་དག་ཞུས་པར་མ་ཟད། སྨན་རིན་སོགས་འགྲོ་གྲོན་སྒོར3326སྤྲད།

མཇུག་གི་གཏམ།

གོང་གི་གྱོད་གཞི་འདི་ལས་ང་ཚོས་ཤེས་ཐུབ་པ་ནི།  འཚོ་བའི་གོ་རིམ་ཁྲོད་དུ་འགལ་བ་དང་རྩོད་པ་ཅི་ཞིག་བྱུང་ཡང་། ཧོལ་རྒྱུག་བྱས་ཏེ་རྒྱག་རེས་ཀྱི་ལམ་ནས་འགལ་རྩོད་ཐག་གཅོད་བྱེད་མི་རུང་ཞིང་། ལྷག་པར་དུ་མི་གཞན་གྱི་མི་ལུས་བདེ་ཐང་ལ་གནོད་སྐྱོན་དང་དཔལ་འབྱོར་ལ་གྱོད་གུན་བཟོས་ཚེ་དོན་རྐྱེན་བཟོ་མཁན་རང་ཉིད་ནས་འགན་འཁུར་དགོས་པ་དང་། དེ་མིན། མང་ཚོགས་ཀྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་ཚེ་ཁྲིམས་མཐུན་གྱི་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱེད་དགོས་པ་གསལ་སྟོན་བྱས་ཡོད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།