མཚོ་སྔོན་གྱིས་རྒན་རྒོན་ལ་འཚམ་པའི་ཞབས་ཞུ་འདི་འདྲ་ཞིག་བཏོན་འདུག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཚན་རིག་ལག་རྩལ་ཡར་རྒྱས་དང་དུས་རབས་འཕེལ་རྒྱས་ཀྱི་བབ་དང་བསྟུན་ཏེ། ད་ཆ་བགྲེས་པོ་རྒན་རྒོན་ཕྱི་རོལ་ཏུ་བསྐྱོད་པར་འགན་སྲུང་བྱ་བ་དེ་སྣང་མེད་དུ་བསྐྱར་མི་རུང་བའི་དམངས་ཚིས་གནད་དོན་ཞིག་ཏུ་གྱུར་ཡོད།  ལོ་ལོན་རྒན་པ་ཕྱིར་སྐྱོད་ལ་ཐོགས་རྡུགས་མེད་པའི་ཞབས་ཞུར་ཤུགས་སྣོན་པ་ནི་རྒན་རྒོན་རྣམས་ལ་འདྲ་མཉམ་ཡིན་ཞིང་།  འཐུས་ཤོར་མེད་པ། འགྲོ་སྐྱོད་སྟབས་བདེ་བ། སྤྱི་ཚོགས་འཚོ་བར་འདྲེས་ཐུབ་པ་བཅས་ལ་འགན་སྲུང་དང་། མི་དམངས་མང་ཚོགས་ལ་ཕན་བདེ་བསྐྲུན་པའི་བྱེད་ཐབས་གལ་ཆེན་ཞིག་རེད།  
       2023ལོའི་ཟླ9པར། དྲ་གྲོགས་ཤིག་ཕྱིར་སྐྱོད་ལ་སྟབས་མ་བདེ་བར་མི་དམངས་དྲ་བའི“མགོ་ཁྲིད་ལ་སྐད་འཇོག་ས”རུ་སྐད་བཞག་སྟེ་ན་རེ།  ཁ་པར་གྱི་སྟེང་ནས་རང་ཉིད་འགྲོ་སའི་ས་གནས་ཀྱི་པ་སེ་ཇི་ལྟར་ཉོ་དགོས་མི་ཤེས།  ངས་ལོ་ན་བགྲེས་པའི་ཨ་མ་ཁྲིད་དེ་འགྲུལ་སྐྱེལ་ས་ཚིགས་ལ་འབྱོར་ཡང་རང་ལ་དགོས་པའི་འགྲུལ་སྐྱེད་རླངས་འཁོར་མི་འདུག་ལ་སོགས་ཀྱི་གནས་ཚུལ་བརྗོད་འདུག  

སྐད་དེ་འབྱོར་མ་ཐག    ཁྲི་ཀ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་མཐོང་ཆེན་ཚད་མེད་མཛད་དེ། ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོའི་གཡུ་ཚ་སྡེ་བའི་ལོ་ལོན་རྒན་པ་ཕྱིར་སྐྱོད་ལ་དཀའ་ཁག་ཡོད་པ་ལ་སོགས་ཀྱི་གནད་དོན་ལ་ལན་སྤྲད།

ཁྲི་ཀ་རྫོང་གིས་དེ་སྐོར་གྱི་ལས་ཀ་བསྒྲུབ་པའི་གནས་ཚུལ་གསར་པ་ལྟར་ན།  ད་སྔའི་བར་དུ། ཁྲི་ཀ་རྫོང་འགྲུལ་སྐྱེལ་ས་ཚིགས་ཀྱིས་ཞབས་ཞུ་རླངས་འཁོར་ལྔ་བཀོད་སྒྲིག་བརྒྱབ་ཡོད་ཅིང་། དེ་དག་ནི་ཁྲི་ཀ་རྫོང་ནས་ཟི་ལིང་གྲོང་ཁྱེར་བར་རླངས་འཁོར27དང་། གསེར་ཆེན་རྫོང་བར་རླངས་འཁོར3། མང་རྫོང་བར་རླངས་འཁོར་3། བ་ཡན་རྫོང་བར་རླངས་འཁོར1།  འབའ་རྫོང་བར་རླངས་འཁོར1རེ་བཅས་བཏང་ཡོད་པ་དང་། ཉིན་རེར་ཆ་སྙོམས་འགྲུལ་བ400ལྷག་སྐྱེལ་ཐུབ་ཀྱི་ཡོད།

ཉིན་དེར་དྲ་གྲོགས་ཤིག་གིས་རླངས་འཁོར་ཤར་གཏོང་གི་གནས་ཚུལ་དྲིས་པར་ཁྲི་ཀ་རྫོང་ནས་འདི་སྐད།  ཉིན་དེའི་ཆུ་ཚོད15:00སྟེང་གི་ཁྲི་ཀ་ནས་གསེར་ཆེན་བར་ལ་རླངས་འཁོར་ཡོད་ཀྱང་། པ་སེ་ཞིབ་བཤེར་བྱེད་དུས་རླངས་འཁོར་དེར་སྡོད་མཁན་གྱི་པ་སེ་ཉོས་པའི་མགྲོན་པོ་གཅིག་ཀྱང་མེད་པས།   ཕར་ཚུར་འགྲོ་འོང་གི་མ་རྩ་གཅིག་པུར་སྒོར750(སྣུམ་རིན་ལ་སྒོར550། ཁ་ལོ་བའི་གླ་ཕོགས་སྒོར200)གཏང་དགོས་པར་གཞིགས་ཏེ། རླངས་འཁོར་ཁ་ལོ་བས་རེ་བ་ལྟར14:55ཡི་སྟེང་གི་རླངས་འཁོར་གཏང་མཚམས་བཞག་པ་ཡིན་ཟེར།   

ཆུ་ཚོད15:56སྟེང་དྲ་གྲོགས་དེས་ཡང་བསྐྱར་འགྲུལ་སྐྱེལ་ས་ཚིགས་ལ་ཁ་པར་བཏང་ནས་རྩད་འདྲི་བྱེད་དུས།   ས་ཚིགས་ཀྱི་ལས་བྱེད་པས“རླངས་འཁོར་བཏང་བ་ཁྱེད་ཀྱིས་མ་མཐོང་བས་དུས་ཚོད་གཟར་འདུག”ཅེས་ལན་སྤྲད་སོང་།  རྟོག་ཞིབ་བརྒྱུད།  ལས་བྱེད་པ་དེར་མ་སྐུལ་རང་རྟོགས་ཀྱི་ཞབས་ཞུ་འདུ་ཤེས་ཞན་རྐྱེན་གནས་ཚུལ་འདི་བྱུང་བ་རེད། འབྲེལ་ཡོད་སྡེ་ཚན་གྱིས་གནས་ཚུལ་རྒྱུས་ལོན་རྗེས་ལམ་སེང་རྟོག་ཞིབ་བྱས།  ཁྲི་ཀ་རྫོང་འགྲུལ་སྐྱེལ་ས་ཚིགས་ཀྱིས་དུས་ཐོག་ཏུ་ལས་གནས་སྙོམས་སྙིག་བྱས་ཏེ།  ལས་ཀ་བ་གསར་པ་ཞིག་ལས་རྐང་དེར་སྐུལ་ནས་འགན་ཁུར་དུ་བཅུག་ཅིང་།     མང་ཚོགས་ཀྱི་རྩད་འདྲི་ལ་དུས་སུ་ལན་སྤྲད་པ་དང་རེ་བ་དུས་སུ་བསྐངས།

གཞན་དྲ་གྲོགས་ཤིག་གིས་པ་སེ་དྲ་ཐོག་ཏུ་ཇི་ལྟར་ཉོ་དགོས་པ་མི་ཤེས་ཞེས་པའི་ལན་དེར།  ཁྲི་ཀ་རྫོང་གིས་ཀྱང་ལམ་སེང་ལན་སྤྲད་པ་ནི།   ཞའེ་ཁྲེན(携程)དང་ཐུང་ཁྲེན(同程)གཉིས་ཀྱིAPPཞབས་ཞུ་ཡི་རིན་པ་སྒོར8ཡིན་པས། དེའི་སྟེང་ནས་པ་སེ་ཉོས་ན་གསེར་ཆེན་བར་གྱི་པ་སེ་རིན་གོང་སྒོར48ཡིན་ལ། བསྡོམས་པའི་སྒོར56སྤྲད་དགོས།  དེ་བཞིན་དུ་མཚོ་སྔོན་རིག་ཤེས་འགྲུལ་སྐྱེལ(青海智慧客运)དང་། ཕྱིར་སྐྱོད(365出行365)གཉིས་ཀྱི་ཞབས་ཞུ་རིན་པ་སྒོར2རེ་ཡིན་པས། དེ་སྟེང་དུ་ཉོས་ན་གསེར་ཆེན་བར་པ་སེ་རེར་སྒོར48ཡིན་པ་དང་།  ཁྱོན་བསྡོམས་སྒོར50སྤྲད་དགོས།  སྐུ་མགྲོན་གྱི་གཏོང་སྒོ་ཇེ་ཉུང་དུ་གཏང་ཆེད།  ཁྲི་ཀ་རྫོང་གི་འགྲུལ་སྐྱེལ་ས་ཚིགས་དང་མཚོ་སྔོན་རིག་ཤེས་འགྲུལ་སྐྱེལ། ཕྱིར་སྐྱོད365བཅས་ཀྱིས་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད་པས།  པ་སེ་ཉོ་དགོས་ན་མཚོ་སྔོན་རིག་ཤེས་འགྲུལ་སྐྱེལ་དང་། ཕྱིར་སྐྱོད365ཡི་སྐད་འཕྲིན་སྤྱི་སྟེགས་བརྒྱུད་ནས་པ་སེ་ཉོས་ཆོག་ཅེས་ལན་སྤྲད། 

ཉེ་བའི་ལོ་རིང་ལ། ཞིང་གྲོང་བགྲོད་ལམ་གྱི་རྨང་གཞི་འཛུགས་སྐྲུན་ལ་ཤུགས་བསྣན་ཆེད། ཁྲི་ཀ་རྫོང་གིས“བཞི་ལེགས་ཞིང་གྲོང་ལམ”འཛུགས་སྐྲུན་དེ་ཞིང་གྲོང་དར་སྤེལ་དང་ཞིང་ལས་ཞིང་གྲོང་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏང་བའི་སྔོན་འགྲོ་ལས་ཀར་བརྩིས་ཏེ།   ཡུལ་ཚོ་དང་གྲོང་རྡལ།  ལམ་ལུགས་གྲོང་ཚོ་བཅས་སུ་ཨར་ལམ་བསྐྲུན་ནས་རླངས་འཁོར་གཏང་ཚད100%མངོན་འགྱུར་བྱས་པས། 2021ལོར་ཞིང་ཆེན་ཡོངས་ཀྱི“བཞི་ལེགས་ཞིང་གྲོང་ལམ”དཔེ་སྟོན་རྫོང་དུ་བདམས། 

ལོ་ལོན་རྒན་པ་ཕྱིར་སྐྱོད་བདེ་བོ་ཡོང་ཆེད། 2015ལོ་ནས་བཟུང་། ཁྲི་ཀ་རྫོང་གིས་ལོ་རེར་མ་དངུལ་འབུམ་བཞི་བཏང་སྟེ། དམིགས་བསལ་མི་ཚོགས་རླངས་འཁོར་དུ་སྡོད་པར་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པ་ནི། ལོ65ཡན་གྱི་རྒན་རྒོན་ལ་ལོ་རེར་མི་རེར་སྒོར150ཡི་ཁ་གསབ་སྤྲད་པ་དང་།  དབང་པོ་སྐྱོན་ཅན་རིན་མེད་དུ་རླངས་འཁོར་བསྡད་ཆོག་པ།  སློབ་མར་པ་སེ་རིན་གོང་གི30%བཅག་ནས་འཚོང་བ་ལ་སོགས་རེད།        འགྲིམ་འགྲུལ་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མང་ཚོགས་ལ་ཕན་བདེ་སྔར་ལས་ལྷག་པ་བསྐྲུན་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ལོ་ལོན་རྒན་པར་འཚམ་པའི་འགྲིམ་འགྲུལ་ཞབས་ཞུ་ལ་སྐུལ་འདེད་ཧུར་ཐག་བྱས།  རླངས་འཁོར་དུས་ཆད་ལ་ཆེད་དོན་ཁ་པར95128བཀོད་སྒྲིག་བྱས་ཏེ།  གླ་གཏོང་རླངས་འཁོར་འབོད་པའི་ཞབས་ཞུ་ནུས་པ་ཇེ་མཐོར་བཏང་བ་དང་།  དྲ་ཐོག་གླ་འཁོར་མངག་གཏོང་འཕྲིན་སྟེགས་ཀུང་སིས་སྐྱེལ་འདྲེན་ཞབས་ཞུ་ལ་འགན་སྲུང་བྱེད་པར་ཡར་སྐུལ་བྱས་ནས་ལོ་ལོན་རྒན་པ་དང་མི་ཚོགས་དམིགས་བསལ་བའི་ཕྱིར་སྐྱོད་དགོས་མཁོ་ཐག་བཅད། 

སྤྱི་སྤྱོད་རླངས་འཁོར་ཕྱོགས་ནས་རྒན་བཀུར་རྒན་གཅེས་ཀྱི་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གྱི་ཞབས་ཞུ་ལམ་ཐིག་བཏོད་པའི་ཕྱོགས་ནས་ཞིང་ཆེན་ཡོངས་སུ་རྒན་རྒོན་ལ་འཚམ་པའི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག20བཏོད་ཡོད།  དེ་ལས་ཟི་ལིང་གྲོང་ཁྱེར་དུ་ལམ་ཐིག10དང་། མཚོ་ཤར་གྲོང་ཁྱེར་དུ5།  མཚོ་ལྷོ་ཁུལ་དུ2། མཚོ་བྱང་ཁུལ་དུ1། རྨ་ལྷོ་ཁུལ་དུ2བཅས་ཡོད།   དེའི་ཁར་སྤྱི་སྤྱོད་རླངས་འཁོར280ཁ་སྣོན་དང་ཡང་ན་གསར་བར་བརྗེ་ཡོད།  སྤྱི་སྤྱོད་རླངས་འཁོར་ས་ཚིགས་ཀྱི་སྒྲིག་ཆས་ལོ་ལོན་རྒན་པ་རྣམས་ལ་འཚམ་པ་ཞིག་བཟོ་ཆད།  ཟི་ལིང་གྲོང་ཁྱེར་གྱིས་སྤྱི་སྤྱོད་རླངས་འཁོར་ས་ཚིགས10ལ་བཟོ་བཅོས་བརྒྱབ་པ་དང་། རྨ་ལྷོ་ཁུལ་གྱིས་གྲོང་ཁྱེར་དང་རྫོང་ཁག་གི་སྤྱི་སྤྱོད་རླངས་འཁོར་ས་ཚིགས་སུ་ངལ་གསོ་རྐུབ་སྟེགས་བཀོད་སྒྲིག་བྱས།  མཚོ་བྱང་དང་མཚོ་ལྷོ་ཁུལ། མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་བཅས་ཀྱིས་ཁོངས་གཏོགས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་རླངས་འཁོར་སྒུག་ས་ཁ་སྣོན་བརྒྱབ་ནས་ཐོགས་རྡུག་མེད་པའི་སྒྲིག་ཆས་འཐུས་ཚང་དུ་བཏང་བ་སོགས་སྤྱི་སྤྱོད་རླངས་འཁོར་ས་ཚིགས་ཀྱི་སྒྲིག་བཀོད་ལོ་ལོན་རྒན་པ་ལ་འཚམ་པར་བཟོས་ཏེ། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱིས་རྒན་པོར་འཚམ་པའི་ཞབས་ཞུ་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་བཏང་།

གཞན།  ལམ་ཐིག་གི་འགྲུལ་སྐྱེལ་ཞབས་ཞུ་སྣ་ཆིག་རྐྱང་ཡིན་པའི་གནད་དོན་ཐག་གཅོད་དང་།  ལམ་ཐིག་གི་འགྲུལ་སྐྱེལ་རླངས་འཁོར་ཀུང་སིས་དེ་དང་བསྟུན་པའི་འགྲུལ་སྐྱེལ་ཞབས་ཞུ་ཁྱབ་གདལ་ལ་སྣེ་ཁྲིད་བྱ་ཆེད། ད་སྔ་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་སུ་བབ་བསྟུན་གྱི་འགྲུལ་སྐྱེལ་ཞབས་ཞུ་བཏོན་པ་དང་། ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་བབ་བསྟུན་གྱི་འགྲུལ་སྐྱེལ་ལམ་ཐིག26ཕྱེས་པ་དང་།  ལམ་ཐིག་གི་རིགས་དེ་གྲོང་ཁྱེར་དང་། རྫོང་། རྫོང་ནང་ཁུལ་གྱི་འགྲུལ་སྐྱེལ་ལམ་ཐིག་ཡོངས་ལ་ཁྱབ་ཡོད་དོ། ། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།