2024ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་ཅང་སུའུ་རུ་བསྐྱོད་པའི་ཆེད་དོན་དྲིལ་སྒྲོག་གི་སྐུལ་འདེད་ཚོགས་ཆེན་འཚོགས་མགོ་བརྩམས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ4པའི་ཚེས23ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་དང་། ཅང་སུའུ་ཞིང་ཆེན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མཚོ་སྔོན་བཀོད་འདོམས་པུའུ། ཅང་སུའུ་ཞིང་ཆེན་གྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་རུ་ཁག མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་སྒྲུབ་པའི་རི་མགོ་ཆུ་ཁུངས། རབ་མཛེས་མཚོ་སྔོན། དྲིན་དྲན་མདུན་བསྐྱོད། ཆུ་བོའུ་ཞིང་ཁམས་ཅང་སུའུ་ལ་ལྷག་བསམ་རྣམ་དག་གིས་གདན་འདྲེན་པ། རབ་མཛེས་མཚོ་སྔོན་ནས་ལྷན་དུ་འཛོམས་ཞེས་པའི2024ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་ཅང་སུའུ་རུ་བསྐྱོད་པའི་ཆེད་དོན་དྲིལ་སྒྲོག་གི་སྐུལ་འདེད་ཚོགས་ཆེན་ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་ལི་ཀྲུ་ཟློས་གར་ཁང་ནས་དངོས་སུ་སྤེལ་མགོ་བརྩམས། 

མཛད་སྒོའི་སྟེང་རི་མགོ་ཆུ་ཁུངས། རབ་མཛེས་མཚོ་སྔོན་གྱི་བརྗོད་དོན་དྲིལ་སྒྲོག་བརྙན་ཐུང་དག་ཡུན་གྱིས་ཀུན་གྱི་སྤྱན་ལམ་དུ་བསྟར་ཞིང་། འཚེམ་དྲུབ་དང་ཐགས་དྲུབས་ལས་བཟོས་པའི་རྔམ་བརྗིད་ཀྱི་རི་ཆུ་སྟོང་ཕྲག་གིས་ལྟད་མོ་བ་ཀུན་གྱི་སེམས་ཀྱི་འདུན་པ་མཚོ་སྔོན་ཕྱོགས་སུ་རབ་ཏུ་བཀུག མཚོ་སྔོན་རིག་གནས་ཡུལ་སྐོར་དྲིལ་སྒྲོག་གི་མགྲིན་ཚབ་པས་རང་ཉིད་ཀྱི་ཚོར་བ་དང་མྱོང་བ་དངོས་ལ་བརྟེན་ནས་འཁྲབ་སྟོན་དང་ཁ་བརྡ་བྱས་པ་དེར་བརྙན་ཐུང་དང་ཐོན་རྫས་ལ་སྤྱར་ཏེ་ཅང་སུའུ་ལ་མཚོ་སྔོན་ངོ་སྤྲོད་བྱས་ཤིང་། སྔར་ལས་ལྷག་པའི་མི་མང་པོ་མཚོ་སྔོན་དུ་ཡོང་ནས་རི་བོ་ཀུན་གྱི་རྒྱལ་པོ་ལྟ་བུ་དང་ཆུ་བོ་ཀུན་གྱི་མགོ་ཁུངས་ཁུལ་གྱི་རི་ཆུ་ནགས་གསུམ་སོགས་རང་བྱུང་བཀོད་པར་ཉམས་སུ་མྱོང་ཏེ་ས་མཐོའི་ཡུལ་གྱི་སྣ་མང་རིག་གནས་དང་གསར་བརྗེའི་རྗེས་ཤུལ། ལྗང་མདོག་འཕོ་འགྱུར། འཆམ་མཐུན་མཉམ་གནས་བཅས་ལ་ལུས་སེམས་གཉིས་ཀྱིས་མྱོང་བར་གདན་འདྲེན་ཞུས། 

གཅིག་བསྡུས་ངང་གན་རྒྱ་འཇོག་པའི་མཛད་སྒོའི་ཐོག་རིག་གནས་ཡུལ་སྐོར་དང་། ཞིང་འབྲོག ནགས་ལས། ཁམས་གསོ། ངལ་ལས་ཕྱིར་གཏོང་སོགས་ཁྱབ་ཁོངས་མང་པོའི་རྣམ་གྲངས21ལ་བདེ་བླག་ངང་གན་རྒྱ་བཞག་ནས་མཚོ་སྔོན་དང་ཅང་སུའུ་ཡི་ཐོན་ལས་མཉམ་འདྲེས་དང་འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། “ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས། ཕན་ཚུན་སྐུལ་འདེད། མཉམ་དུ་མཐོར་འདེགས”བཅས་ཀྱི་མཉམ་ལས་མ་ལག་ཧུར་ཐག་གིས་བསྐྲུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ཆེན་པོ་བསྩལ། དེའི་རྗེས་སུ་མཚོ་སྔོན་མི་དམངས་ཀྱིས་དྲིན་དྲན་པ་དང་བརྩེ་བ་ཟབ་མོ་ལྡན་པའི་རིག་རྩལ་ཆེད་དོན་འཁྲབ་སྟོན་ཞིག་གིས་ངོ་སྤྲོད་ཚོགས་འདུ་ལ་མཐོ་རླབས་ཤིག་འཕྱུར་དུ་བཅུག  

མགོ་རྩོམ་མཛད་སྒོ་མཇུག་བསྒྲིལ་རྗེས་འདུ་འཛིའི་ཡོ་ལང་རྒྱས་པའི་ནན་ཅིན་གྲོང་ཁྱེར་གྱི་ལུའོ་མོན་ཏུང་པུའུ་རྐང་ཐང་ཁྲོམ་གཞུང་དུ་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་། ཀྲུང་ལུགས་རྩྭ་སྨན། རི་སྐྱེས་དབྱར་རྩྭ་དགུན་འབུ། རིག་གནས་གསར་གཏོད་བཟོ་རྩལ་ཐོན་རྫས། དངོས་མིན་ཤུལ་བཞག་རྒྱུན་འཛིན་རྣམ་གྲངས། སིལ་ཟས་སོགས་ནང་དོན་ཕུན་སུམ་ཚོགས་པའི་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཐོན་རྫས་འོས་སྦྱོར་བྱེད་སྒོ་དུས་གཅིག་ཏུ་སྤེལ་མགོ་བརྩམས། །  

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།