འཛམ་གླིང་དཔེ་ཀློག་ཉིན་མོའི་བྱུང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

       འཛམ་གླིང་དཔེ་ཀློག་ཉིན་མོའི་མིང་ཡོངས་ལ་འཛམ་གླིང་དཔེ་དེབ་དང་པར་དབང་ཉིན་མོ་ཟེར་ཞིང་།  ཡོངས་གྲགས་སུ་འཛམ་གླིང་དཔེ་ཀློག་ཉིན་མོ་ཟེར། 1972ལོར་རྒྱལ་སྤྱིའི་དཔེ་སྐྲུན་ཚོང་དོན་མཐུན་ཚོགས་ཀྱིས་སྤྱི་ཚོགས་དང་མི་སྒེར་གྱི་ཡར་རྒྱས་ལ་དཔེ་ཀློག་གིས་ནུས་པ་གལ་ཆེན་ཞིག་ཐོན་ཡོང་པ་ངོས་ཟིན་ཏེ།  མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལ་འཛམ་གླིང་དཔེ་ཀློག་ཉིན་མོ་ཞེས་པའི་དམིགས་བསལ་གྱི་དུས་ཚོད་ཅིག་གཏན་འཁེལ་བྱེད་དགོས་པའི་གྲོས་འགོ་བཏོན།
       1995ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་སི་པན་ཡ་རྒྱལ་གཞུང་གི་གྲོས་འདོན་ལ་བརྟེན་ནས་ལོ་རེའི་ཟླ4ཚེས23ཉིན་དེ་འཛམ་གླིང་དཔེ་ཀློག་གི་ཉིན་མོར་དངོས་སུ་གཏན་འཁེལ་བྱས། སྐབས་དེའི་དམིགས་བྱ་གཙོ་བོ་ནི་མི་མང་པོ་ཞིག་དཔེ་ཀློག་དང་རྩོམ་འབྲིའི་ལས་ལ་སྐུལ་ཏེ།འགྲོ་བ་མིའི་ཤེས་རིག་ལ་ཕུལ་བའི་རྩོམ་རིག་དང་། རིག་གནས། ཚན་རིག  བསམ་བློ་བ་རྣམས་ལ་ཀུན་གྱིས་གོང་བཀུར་དང་རྗེས་སུ་ཡི་རང་བྱས་ནས་ཤེས་བྱའི་བདག་དབང་ལ་སྲུང་སྐྱོབ་བྱ་ཆེད་རེད། ཕྱིས་མི་སྤྱི་དང་ནང་སྒོས་སུ་ན་གཞོན་རྣམས་དཔེ་ཀློག་ལ་གོམས་ཞིང་དེ་ལ་སྤྲོ་བས་འཇུག་པར་ཡར་སྐུལ་དང་། འགྲོ་བ་མིའི་སྤྱི་ཚོགས་དང་རིག་གནས་ཡར་རྒྱས་ལ་ནུས་པ་ཆེན་པོ་འདོན་མཁན་རྣམས་ལ་རྗེས་དྲན་དང་གོང་བཀུར་བྱས་ནས་འཛམ་གླིང་ཡོངས་ཀྱི་དཔེ་ཀློག་རིག་གནས་ལ་སྐུལ་འདེད་གཏང་ཆེད་རེད། དུས་དེ་ནས་བཟུང་ལོ་རེའི་ཉིན་འདི་ལ་འཛམ་གླིང་གི་རྒྱལ་ཁབ་མང་ཤོས་ཀྱིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་རྟེན་འབྲེལ་གྱི་ཚུལ་དུ་དཔེ་དེབ་དྲིལ་སྒྲོག་བྱེད་ཀྱི་ཡོད།  
       ད་ལོའི་སྤྱི་ཟླ4ཚེས23ཉིན་ནི་འཛམ་གླིང་གི་དཔེ་ཀློག་ཉིན་མོ་ཐེངས29བ་རེད། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།