གཞན་ལ་ཉེས་མེད་ཉེས་འགལ་བྱས་ན་ནག་ཉེས་སུ་གྲུབ་བམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་དང་འབུམ་ཁོ་གཉིས་ཚན་རིག་ལག་རྩལ་སློབ་ཆེན་ཞིག་ནས་མཐར་ཕྱིན་རྗེས། ངེད་གཉིས་མཉམ་དུ་ཀུང་སི་གྲགས་ཆེན་ཞིག་ཏུ་ལས་ཚོགས་སུ་ཞུགས་པར་མ་ཟད་དེའི་ལག་རྩལ་བློ་སྟོན་པ་རུའང་གྱུར། ཟླ་འགའ་འགོར་རྗེས། ཀུང་སིས་རྩ་འཛུགས་བྱས་ཏེ་ལག་རྩལ་སློབ་སྦྱོང་བྱེད་པར་ཕྱི་རྒྱལ་དུ་མི་གཅིག་འགྲོ་དགོས་པར་ངེད་གཉིས་ཀྱི་ཁྲོད་ནས་གཅིག་གདམ་རྒྱུའི་ཐག་བཅད། དེར་བརྟེན། ཀུང་སིའི་ལག་རྩལ་བློ་སྟོན་པ་ཞིག་ལ་མཚོན་ན་དེ་ནི་རྙེད་དཀའ་བའི་སློབ་སྦྱོང་གི་གོ་སྐབས་ཤིག་དང་། མི་སྒེར་གྱི་མཚན་སྙན་གྲགས་རྒྱས་པར་ཕན་ཐོགས་ཆེན་པོ་ཡོད་པས། འབུམ་ཁོས་གོ་སྐབས་འདི་བརྩོན་ལེན་བྱ་ཆེད། ཀུང་སི་རུ་ང་ལ་སྒྲོ་འདོགས་བྱས་ཏེ་རྐུ་བྱེད་ཚུལ་སོགས་སྤྱོད་ངན་མང་པོ་ཡོད་པར་བསྒྲགས། ལས་བཟོ་པ་ཀུན་གྱིས་ཀུང་སི་རུ་ང་ལ་གླེང་མོལ་སྣ་ཚོགས་བྱས་ཏེ་ཤུགས་རྐྱེན་ངན་པ་བཞག  འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་འབུམ་ཁོས་ང་ལ་དོན་དངོས་རྫུན་བཟོ་དང་ཉེས་མེད་ཉེས་འགལ་བྱས་པའི་བྱ་སྤྱོད་དེ་ནག་ཉེས་སུ་གྲུབ་བམ།

ཞེས་དབང་ལོ་ཡིས།

བློ་མཐུན་དབང་ལོ་ལགས།

འབུམ་ཁོའི་བྱ་སྤྱོད་ཀྱིས་སྐུར་འདེབས་བྱས་པའི་ནག་ཉེས་བསགས་ཡོད། སྐུར་འདེབས་བྱས་པའི་ནག་ཉེས་ཞེས་པ་ནི་ཤེས་བཞིན་དུ་རྫུན་བཟོ་བྱས་པར་མ་ཟད་རྫུན་བཟོ་བྱས་པའི་དོན་དག་ཁྱབ་སྒྲོག་བྱས་ནས་མི་གཞན་གྱི་མི་གཤིས་ལ་དམའ་འབེབས་དང་མཚན་སྙན་ལ་གནོད་པ་བཏང་བའི་གནས་ཚུལ་ཚབས་ཆེན་ཡིན་པའི་བྱ་སྤྱོད་ལ་ཟེར།

གྱོད་དོན་འདིའི་ཁྲོད་དུ། འབུམ་ཁོས་ཕྱི་རྒྱལ་ལ་ལག་རྩལ་སློབ་སྦྱོང་བྱེད་དུ་འགྲོ་བར་རྩོད་ལེན་བྱ་ཆེད། དོན་དངོས་རྫུན་བཟོ་བྱས་ནས་ཁྱོད་ཀྱི་མིང་གྲགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་པའི་ཁར་འཚོ་བར་ཡང་ཤུགས་རྐྱེན་ངན་པ་བཟོས་པ་དང་། དེའི་གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་པས་སྐུར་འདེབས་བྱས་པའི་ནག་ཉེས་སུ་གྲུབ་ཡོད་པར་བརྟེན། ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱ་དགོས། འདིར་སྐུར་འདེབས་བྱས་པའི་ནག་ཉེས་དང་སྤྱིར་བཏང་གི་དམངས་དོན་མཚན་སྙན་ཁེ་དབང་ལ་བཙན་གནོད་བྱས་པའི་བར་གྱི་ཁྱད་པར་ལ་དོ་སྣང་བྱ་དགོས། སྤྱིར་བཏང་གི་དམངས་དོན་མཚན་སྙན་ཁེ་དབང་ལ་བཙན་གནོད་བྱས་པ་ལས་བྱུང་བའི་སྤྱི་ཚོགས་ཀྱི་གནོད་འཚེ་ཅུང་ཆུང་བ་དང་། ཉེས་གསོག་གི་ཚད་ལ་སླེབས་མེད་ཅིང་།སྐུར་འདེབས་བྱས་པའི་ནག་ཉེས་ལས་གཞན་གནོད་འཚེ་མཇུག་འབྲས་ཚབས་ཆེན་བཟོ་སྲིད་པ་ཕུད་ཅིང་།དེ་ལས་བསྒྲགས་པའི་ནང་དོན་ནི་རྫུན་མ་ཁོ་ན་ཡིན་ལ་བསམ་བློའི་སྟེང་བསམ་གཟས་ནས་བྱས་པ་ཡིན་ངེས། མདོར་ན། གནས་ཚུལ་རྫུན་མ་བཟོས་ནས་མི་གཞན་ལ་སྐུར་འདེབས་བྱས་ཏེ་གནས་ཚུལ་ཚབས་ཆེན་ཡིན་ཚེ།དེའི་ནག་ཉེས་སུ་གྲུབ་ལ་ཉེས་དོན་འགན་འཁྲི་ཡང་འཁུར་དགོས། མི་གཞན་གྱིས་སྐུར་འདེབས་བྱས་རྗེས། གནོད་འཚེ་ཕོག་མཁན་གྱིས་ཁྲིམས་འཛིན་ལས་ཁུངས་ལ་ཉེས་འདོན་དང་ཞུ་གཏུག་བྱས་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཆོག

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།