ཁྱིམ་མཚེས་དགྲ་རུ་གྱུར་ཚུལ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

བྱིས་པ་རྒྱུན་དུ་ཁྱིམ་ནས་རྩེད་འཇོར་རོལ་བས་ཁྱིམ་མཚེས་དང་འགལ་བ་བྱུང་སྟེ། ཕན་ཚུན་ལ་བཅངས་པའི་འཁོན་སེམས་ཉིན་རེ་བཞིན་ཛ་དྲག་ཏུ་གྱུར།

2023ལོའི་ཟླ11པའི་ཚེས11ཉིན་གྱི་ཕྱི་དྲོར། བྱིས་པའི་ཨ་ཕ་ཁྱིམ་དུ་ལོག་པའི་ལམ་བར་དུ། ཁྱིམ་མཚེས་ཨ་ཀང་གིས་གྲི་ཡིས་བསྣུན་ནས་རྨས་སྐྱོན་བཟོས་པ་དང་། དུས་དེ་ནས་བཟུང་ཁྱིམ་ཁ་གཉིས་དགྲ་ཟླ་རུ་གྱུར།

ཉིན་དེར། ཞའོ་ཡན་དང་མོའི་ཁྱོ་ག་ཏ་ཁྲིན་གཉིས་ལས་ཚོགས་གྲོལ་ནས་གཞིས་ཁུལ་སྒོ་ཁར་ཐོན་པ་ན། ཁྱོ་གས་མྱུར་སྐྱེལ་དངོས་པོ་བླངས་མེད་པ་དྲན་ནས“ཆུང་མ། ཁྱོད་སྔུན་ལ་སོང་། ང་མྱུར་སྐྱེལ་དངོས་པོ་ལེན་དུ་འགྲོ་རྒྱུ་ཡིན”ཞེས་བཤད་དེ་མྱུར་སྐྱེལ་ས་ཚིགས་ཕྱོགས་སུ་སོང་། མྱུལ་སྐྱེལ་ས་ཚིགས་དེའི་སྒོ་ཁར་ཐོན་པ་ན། ཁྱིམ་མཚེས་ཨ་ཀང་གིས་ཀྱང་གནས་དེ་རུ་མྱུར་སྐྱེལ་དངོས་པོ་ལེན་བཞིན་ཡོད་པས། ཁོས་ཡང་བསྐྱར་འགལ་བ་འབྱུང་བར་འཛེམ་ནས་ནང་དུ་མ་སོང་བར་སྒོ་ཁ་རུ་སྒུག་ནས་བསྡད་པ་དང་། རྗེས་སུ་རང་གི་དངོས་པོ་བླངས་ཏེ་ཕྱིར་ཁང་ཚན་གྱི་སྒོ་ཁར་ཐོན་མ་ཐག  བསམ་དབང་དྲན་དབང་མེད་པར་མི་ཞིག་གློ་བུར་དུ་རྒྱུག་ཡོང་སྟེ་གྲི་ཡིས་གཙགས་ནས་ཁོ་རང་སར་འགྱེལ་དུ་བཅུག  མ་བསམ་ས་ནས་ཁྱིམ་མཚེས་ཨ་ཀང་རེད། སྐབས་དེར་ཨ་ཀང་གིས་གདོང་ན་འཇིགས་སུ་རུང་བའི་ཉམས་འགྱུར་གྱིས་ཁེངས་ནས་ཏ་ཁྲིན་ལ་བལྟས་འདུག་པས། ཏ་ཁྲིན་བྱ་འཕུར་བ་ལྟར་གཞིས་ཁུལ་སྒོ་ཁའི་བདེ་སྲུང་ཁང་གི་ཕྱོགས་སུ་བྲོས་པ་རེད། རྗེས་དེད་ནས་ཡོང་བའི་ཨ་ཀང་གིས་ཁོ་རང་བདེ་སྲུང་ཁང་དུ་ཡོད་པ་མཐོང་བས་གནས་དེ་དང་ཁ་བྲལ།

ཆུང་མས་ཁྱིམ་དུ་ཡུན་རིང་ལ་སྒུག་ནའང་ཁྱོ་ག་མཐོང་རྒྱུ་མ་བྱུང་བས་དོན་རྐྱེན་འདྲ་བྱུང་བ་མིན་ནམ་སྙམ་ནས་ཁྱོ་ག་འཚོལ་དུ་སོང་། ལམ་བར་དུ་འཁོན་སེམས་དང་ཞེ་སྡང་གིས་ཁེངས་ཤིང་ལག་ཟུང་ཁྲག་གིས་སྦགས་པའི་ཨ་ཀང་ལ་འཕྲད་པ་ན། མོས་སྐྲག་མ་དངངས་ཀྱིས་ཐང་གི་ཁྲག་རྗེས་དེད་ནས་གཞིས་ཁུལ་གྱི་བདེ་སྲུང་ཁང་དུ་ཐོན་པ་དང་། ལུས་པོ་ཡོངས་ཁྲག་གིས་སྦགས་པའི་ཁྱོ་ག་མཐོང་བས་སེམས་འཚབ་ནས་སྐད་ཆའང་བཤད་མ་ཐུབ་པར་གྱུར། གཞིས་ཁུལ་གྱི་བདེ་སྲུང་མི་སྣས་མོར་སེམས་གསོ་བྱེད་ཞོར་དུ་གྱོད་དོན་སྙན་སེང་ཞུས་ནས་མྱུར་སྐྱོབ་རླངས་འཁོར་བོས་པ་རེད།

ཅུང་ཙམ་འགོར་རྗེས། མྱུར་སྐྱོབ་རླངས་འཁོར་དང་མི་དམངས་ཉེན་རྟོག་པ་ཡུལ་དངོས་སུ་ཐོན་པ་དང་། ཁྱོ་ག་སྨན་ཁང་དུ་བསྐྱལ་ནས་ལུས་པོ་ཡོངས་ལ་བརྟག་དཔྱད་དང་སྨན་བཅོས་བྱས་པར་བརྟེན། ཚེ་སྲོག་ལ་ཉེན་ཁ་ཆེས་ཆེར་མེད།

དེ་དང་ཆབས་ཅིག་མི་དམངས་ཉེན་རྟོག་པས་ཨ་ཀང་ལ་འདྲི་ཞིབ་བྱས་པ་བརྒྱུད། ཁོས་བཤད་པ་ལྟར་ན། ལོ་འགའི་སྔོན་ལ་ཏ་ཁྲིན་ཁོའི་ཐོག་ཁང་ཁྱིམ་མཚེས་སུ་གྱུར་པ་དང་། བྱིས་པས་ནམ་རྒྱུན་ཁྱིམ་དུ་སྐད་ཅོར་བརྒྱབ་ནས་བཟོད་མི་ཐུབ་པས་ཐེངས་གང་མང་ལ་རེ་བ་བཏོན་པར་བརྟེན། ཁྱིམ་ཁ་གཉིས་ཀྱི་བར་ལ་འགལ་བ་བྱུང་།

རྗེས་སུ་ཨ་ཀང་གིས་འཁོན་ལན་སློག་ཆེད“ཁང་འདར་འཕྲུལ་ཆས”ཤིག་ཉོས་ནས་ཁྱིམ་མཚེས་ཚང་ལ་རྙོག་དྲ་བཟོས་ཏེ། ཁྱིམ་ཁ་གཉིས་ཀྱི་འགལ་བ་ཉིན་རེ་བཞིན་ཇེ་ཐུ་རུ་གྱུར། དེར་བརྟེན། གྱོད་དོན་འདིའི་མགོར་གླེང་བའི་དོན་རྐྱེན་དེ་འདྲ་བྱུང་བ་རེད།

2023ལོའི་ཟླ12པའི་ཚེས7ཉིན། ཨ་ཀང་གིས་བསམ་གཟས་ནས་གཞན་ལ་གནོད་འཚེ་བཏང་བའི་ནག་ཉེས་བསགས་ཡོད་པས། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་མཆོག་ཆན་སྤྲད་པ་དང་། མིག་སྔར། གྱོད་གཞི་འདི་ལ་ཞིབ་བཤེར་དང་ཞུ་གཏུག་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།