གྱོད་དཔེ།
གཡང་སྐྱབས་ནི་ཉེན་སྲུང་ཀུང་སི་ཞིག་གི་བྱ་བ་སྒྲུབ་མཁན་ཡིན་ཞིང་། ཉིན་རྒྱུན་བྱ་བ་སྒྲུབ་ཏུ་ཡོང་མཁན་གྱི་མགྲོན་པོར་ཞབས་ཕྱི་མཁོ་འདོན་བྱེད་པ་དང་སྦྲགས་མགྲོན་པོའི་གནད་དོན་བདག་སྤྲོད་བྱེད་དུས། མགྲོན་པོར་རེའུ་མིག་ཅིག་བྱིན་ནས་མིང་དང་ས་གནས། ཁ་པར་ཨང་གྲངས། ཉེན་སྲུང་རིགས། ཉེན་སྲུང་སྒོར་གྲངས་བཅས་སྐོང་དུ་འཇོག་ཅིང་། ཀུང་སིས་སྒེར་གྱི་ཆ་འཕྲིན་དེ་དག་གིས་མགྲོན་པོའི་དཔལ་འབྱོར་གྱི་གནས་ཚུལ་དང་སྤྱི་ཚོགས་ཀྱི་དགོས་མཁོ་སོགས་གསལ་པོར་ཤེས་ཐུབ། ཕྱིས་སུ་ཀུང་སིས་མགྲོན་པོ་སྒེར་གྱི་ཆ་འཕྲིན་ནི་ཚོང་ལས་ཕྱོགས་ཀྱི་གསང་བ་ཡིན་ལ། མི་སུ་དང་གང་གིས་ཀྱང་གང་འདོད་དུ་ཕྱིར་བསྒྲགས་མི་ཆོག་པའི་གཏན་འཁེལ་བྱས། ཡིན་ན་ཡང་གཡང་སྐྱབས་ཀྱིས་རང་ཉིད་ཀྱི་ཡོང་སྒོ་ཇེ་མང་དུ་གཏང་ཆེད། ཉེན་ཁར་མ་འཛེམ་པར་མགྲོན་པོ་ཞིག་གི་ཆ་འཕྲིན་དེ་བརྡ་འཕྲིན་ཀུང་སི་ཞིག་ལ་བཙོངས་རྗེས། བརྡ་འཕྲིན་ཀུང་སི་དེ་གས་ལས་སྒོ་སྣ་ཚོགས་ཁ་པར་གྱི་ལམ་ནས་མགྲོན་པོར་ཁྱབ་སྒྲོག་བྱས་པས་རྒྱུན་ལྡན་གྱི་འཚོ་བར་བར་ཆད་མི་ཉུང་བ་ཞིག་བཟོས། ཕྱིས་སུ་མགྲོན་པོས་བརྡ་འཕྲིན་ཀུང་སི་དེ་ག་བརྒྱུད་ནས་གཡང་སྐྱབས་ཀྱིས་ཁ་པར་ཨང་གྲངས་བཙོངས་པ་ཤེས་པས། ཉེན་སྲུང་ཀུང་སིར་གཡང་སྐྱབས་ཞུ་གཏུག་ཐེར་འདོན་བྱས་ནས་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན། དེར་བརྟེན། གཡང་སྐྱབས་ཀྱིས་ཀུང་སིར་གྱོང་གུད་མི་དམན་པ་བཟོས་པས་ཀུང་སིས་འབྲེལ་ཡོད་མགོ་ཁྲིད་ཀྱིས་ལས་གནས་ནས་ཕྱིར་ཕུད་གཏང་རྒྱུའི་ཐག་བཅད།
བཅའ་ཁྲིམས་དབྱེ་ཞིབ།
ངལ་རྩོལ་པ་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱི་ལས་གནས་སུ་ཡོད་དུས་རང་གི་འགན་འཁྲིའི་ལས་ཀ་ལེགས་པོར་བསྒྲུབ་དགོས། ལས་གནས་མང་པོ་ཞིག་ཏུ་ཀུང་སི་དང་ཁེ་ལས་ཀྱི་ཚོང་ལས་གསང་བ་ཡོད་པས། ངལ་རྩོལ་པས་ལྷག་ཏུ་ཚོང་ལས་ཀྱི་གསང་བ་འདི་དག་དམ་སྲུང་བྱ་དགོས་པ་ལས། ཁེ་ཕན་གྱི་བསླུ་བྲིད་དབང་གིས་རྩ་དོན་འབོར་མི་རུང་སྟེ། གཡང་སྐྱབས་དང་འདྲ་བར་ལག་ཏུ་ཡོད་པའི་ཚོང་ལས་ཀྱི་གསང་བ་རང་ཉིད་ཀྱི་ཁེ་ཕན་དུ་བསྒྱུར་མི་འོས། རང་རྒྱལ་གྱི《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན39པའི་གཏན་འཁེལ་ལྟར་ན། “ངལ་རྩོལ་པར་འགན་འཛོལ་ཚབས་ཆེན་བྱུང་བ་དང་། སྒེར་སྐྱོང་ཁྲིམས་འགལ་བྱས་ནས་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ལ་གནོད་འཚེ་ཚབས་ཆེན་བཟོས་ན། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་གན་རྒྱ་ཕྱིར་འཐེན་བྱས་ཆོག”ཅེས་བཀོད་ཡོད། དེ་དང་མཉམ་དུ 《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན90པ་དང《ངལ་རྩོལ་བཅའ་ཁྲིམས》ཀྱི་དོན་ཚན102པའི་གཏན་འཁེལ་ལྟར་ན། “ངལ་རྩོལ་པ་གསང་སྲུང་དོན་ཚན་དང་འགལ་ཏེ།མི་ཤུགས་བཀོལ་སྤྱོད་ལས་ཁུངས་ལ་དཔལ་འབྱོར་གྱི་གྱོང་གུད་བཟོས་ཚེ།ཁྲིམས་ལྟར་སྐྱིན་ཚབ་གཞལ་འགན་འཁུར་དགོས”ཞེས་བཀོད་ཡོད།
གོང་གི་གྱོད་དོན་འདིར་གཞིགས་ན། གཡང་སྐྱབས་ཀྱིས་མགྲོན་པོ་སྒེར་གྱི་ཆ་འཕྲིན་ཀུང་སི་གཞན་པར་བཙོངས་པའི་བྱ་སྤྱོད་ཀྱིས་ཀུང་སིར་གྱོང་གུད་མི་དམན་པ་བཟོས་པས། ཉེན་སྲུང་ཀུང་སིས་གཡང་སྐྱངས་ལས་གནས་ནས་ཕྱིར་ཕུད་བཏང་སྟེ་སྐྱིན་ཚབ་གཞལ་དུ་བཅུག་ཆོག
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།