གཉེན་སྒྲིག་ཐོ་འགོད་གསབ་སྒྲུབ་དང་གཉེན་སྒྲིག་དཔང་ཡིག་གསབ་ལེན་ལ་མི་འདྲ་ས་ཅི་ཞིག་ཡོད།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1049པའི་གཏན་འཁེལ་ལྟར་ན། གཉེན་སྒྲིག་གི་རེ་འདུན་ཞུ་མཁན་ཕོ་མོ་ཕྱོགས་གཉིས་ཀས་དངོས་སུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་གཉེན་སྒྲིག་གི་ཐོ་འགོད་ཞུ་དགོས། བཅའ་ཁྲིམས་འདིའི་གཏན་འཁེལ་དང་མཐུན་ན་ཐོ་འགོད་བྱས་ཏེ་གཉེན་སྒྲིག་གི་དཔང་ཡིག་སྤྲད་དགོས། གཉེན་སྒྲིག་ཐོ་འགོད་ལེགས་འགྲུབ་བྱུང་ན་གཉེན་སྒྲིག་གི་འབྲེལ་བ་གཏན་འཁེལ་བྱ་རྒྱུ། གཉེན་སྒྲིག་ཐོ་འགོད་བྱས་མེད་ན་ཐོ་འགོད་གསབ་སྒྲུབ་བྱ་དགོས།

《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག》གི་དོན་ཚན17པའི་གཏན་འཁེལ་ལྟར་ན། གཉེན་སྒྲིག་དཔང་ཡིག་དང་གཉེན་ཐོར་དཔང་ཡིག་བོར་བའམ་གཏོར་བརླག་བྱུང་ན། དོ་བདག་གིས་ཁྱིམ་ཐོ་དང་ཐོབ་ཐང་དཔང་ཡིག་ཁྱེར་ནས་དེ་སྔའི་གཉེན་སྒྲིག་ཐོ་འགོད་བྱེད་མཁན་ལས་ཁུངས་སམ་དོ་བདག་ཕྱོགས་གཅིག་གི་རྒྱུན་སྡོད་ས་གནས་ཀྱི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་གསབ་ལེན་བྱས་ཆོག གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་དོ་བདག་གི་གཉེན་སྒྲིག་ཐོ་འགོད་ཡིག་ཚགས་ལ་ཞིབ་བཤེར་བྱས་ཏེ་དོན་དངོས་ཡིན་པ་གཏན་འཁེལ་བྱུང་ན། དོ་བདག་ལ་གཉེན་སྒྲིག་དཔང་ཡིག་དང་གཉེན་ཐོར་དཔང་ཡིག་གསབ་སྤྲོད་བྱ་དགོས།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།