མཚོ་སྔོན་གྱི་ཡུལ་སྐོར་ལམ་ཐིག་ཞིག2024ལོའི་ཀྲུང་གོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་མཛེས་ལྗོངས་ཁུལ་རྩེ་གྲའི་ལམ་ཐིག་ནང་བདམས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ4པའི་ཚེས2ཉིན་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ཀྲེ་ཅང་ཞིང་ཆེན་ཁྲང་ཤིང་རྫོང་དུ2024ལོའི་ཀྲུང་གོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར(དཔྱིད་དུས)འོས་སྦྱོར་བྱེད་སྒོ་སྤེལ་བ་དང་།“དཔྱིད་ཀྱི་མེ་ཏོག་ལ་རོལ་མྱོང་བྱེད་བཞིན་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྱོད་པ”ཞེས་པར་དོ་སྣང་བྱས་ཐོག དཔྱིད་དུས་ཀྱི་སྤུས་རྟགས་ལམ་ཐིག60ཁྱབ་བསྒྲགས་བྱས། དེའི་ནང་མཚོ་སྔོན་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཁམ་བུའི་མེ་ཏོག་ལ་ལྟ་སྐོར་བྱེད་པ་དང་ཁྱད་ལྡན་ཟས་རོགས་ལ་ལོངས་སྤྱོད་བྱེད་པའི་སྤྲོ་གསེང་ཡུལ་སྐོར་དེ2024ལོའི་རྩེར་སོན་མཛེས་ལྗོངས་ཁུལ་གྱི་ལམ་ཐིག་གི་མིང་ཐོའི་ནང་ཚུད་ཡོད།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སྤུས་རྟགས་ལམ་ཐིག་དེའི་ནང་ཁམ་བུའི་མེ་ཏོག་མཛེས་ལྗོངས་ཁུལ་དང་ཧའེ་ཧུང་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་ཡུལ་སྲོལ་ཁྲོམ་གཞུང་གི་མཛེས་ལྗོངས་ཁུལ་ཆེན་པོ་གཉིས་འདུས་ཡོད་པ་དང་། དེའི་ནང་ཁམ་བུའི་མེ་ཏོག་མཛེས་ལྗོངས་ཁུལ་དེ་མིན་ཧོ་རྫོང་མ་ཁྲང་ཡོན་ཤང་ཁྲོན་ཁའུ་སྡེ་བ་རུ་ཆགས་ཡོད་ལ། ལོ་རེའི་ཟླ་བཞི་པའི་ཟླ་སྨད་དུ་མཛེས་ལྗོངས་ཁུལ་དུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་ཡོད་པ་དང་ལྟ་བ་ཆོག་མི་ཤེས་པས། ཡུལ་སྐོར་བར་མིག་དབང་དང་སེམས་ཁམས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།

མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་ལམ་ཐིག28ཀྲུང་གོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ལམ་ཐིག་རྩེ་གྲའི་མིང་ཐོར་ཚུད་ཡོད། དེའི་ནང་མཛེས་སྡུག་རྣམ་པར་བཀྲ་བའི་དཔྱིད་དུས་ཀྱི་སྤུས་དག་མཛེས་ལྗོངས་ཁུལ་གྱི་ལམ་ཐིག8དང་། གཙང་བསིལ་གྱི་དབྱར་དུས་སྤུས་དག་མཛེས་ལྗོངས་ཁུལ་གྱི་ལམ་ཐིག8། ལོ་ལེགས་ཀྱི་སྟོན་དུས་སྤུས་དག་མཛེས་ལྗོངས་ཁུལ་གྱི་ལམ་ཐིག6། དྲོ་སྐྱིད་ལྡན་པའི་དགུན་དུས་སྤུས་དག་མཛེས་ལྗོངས་ཁུལ་གྱི་ལམ་ཐིག6བཅས་ཚུད་ཡོད།  །  

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།