ཆུང་མ་རྨས་རྗེས་ལོ12རིང་ལ་བྲོས་བྱོལ་བྱས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

གཏུག་ཡུལ་གྱིས་བསམ་གཟས་ནས་གཞན་ལ་རྨས་སྐྱོན་བཟོས་རྗེས་བྲོས་བྱོལ་ལམ་དུ་ཞུགས། ལོ12འགོར་རྗེས་སྤྱི་བདེ་ལས་ཁུངས་སུ་རང་ཉེས་ཁས་ལེན་དུ་ཡོང་།

ཉེ་ཆར། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་བསམ་གཟས་ནས་གཞན་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་ལ་འདྲི་ཞིབ་བྱས་པ་དང་འབྲེལ་བཅད་ཁྲ་ཁྱབ་བསྒྲགས་བྱས།

གཏུག་ཡུལ་ཧུའུ་ཆེ་གེ་མོ་དང་ཆུང་མ་ལི་ཅ་གཉིས་ལ་ཁྱིམ་ཚང་གི་དོན་དག་ཙག་ཙིག་ཐད་ནས་འགལ་བ་ཐེངས་མང་བྱུང་མྱོང་། ཉིན་ཞིག་ཧུའུ་ཆེ་གེ་མོས་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་ཡི་ཟ་ཁང་ཞིག་ཏུ་ལི་ཅ་བཙལ་ནས་གནས་ལུགས་གང་མང་བཤད་པ་ན། ཧུའུ་ཆེ་གེ་མོ་དང་ལི་ཅའི་ནུ་མོའི་བར་ལ་ཁ་རྩོད་བྱུང་བར་མ་ཟད། ཧུའུ་ཆེ་གེ་མོས་གྲི་བཟུང་ནས་ལི་ཅའི་ནུ་མོའི་མགོར་བརྒྱབ་པར་མ་ཟད། ཡང་བསྐྱར་བར་འདུམ་བྱེད་མཁན་ལི་ཅའི་གདོང་དང་ལག་པར་རྨས་སྐྱོན་བཟོས། ལི་ཅ་གཅེན་གཅུང་གཉིས་ཡུལ་དངོས་ནས་བྲོས་ཏེ་སྨན་ཁང་དུ་སོང་ནས་སྨན་བཅོས་བྱས་པར་མ་ཟད། ཉེན་རྟོག་པར་གྱོད་དོན་སྙན་སེང་ཞུས་པ་དང་། ཧུའུ་ཆེ་གེ་མོས་གྲི་བསྐྱུར་ནས་བྲོས་བྱོལ་ལམ་དུ་ཞུགས་པ་རེད།

འབྲོ་བའི་སྐབས་སུ། ཧུའུ་ཆེ་གེ་མོས་རང་གི་ཐོབ་ཐང་ལག་ཁྱེར་སྤྱོད་མི་ཕོད་པ་དང་། གྲོང་ཁྱེར་ཆེན་མོར་འགྲོ་མི་ཕོད་པར་རང་མིང་གསང་ནས་འཚོ་བ་རོལ་རྒྱུ་ལས་ཐབས་གཞན་མེད་པར་གྱུར། དུས་ཀྱི་འགྱུར་བ་དང་བསྟུན་ནས་ཧུའུ་ཆེ་གེ་མོའི་སེམས་ཀྱི་སྡུག་བསྔལ་ཉིན་རེ་བཞིན་ཇེ་ཆེར་གྱུར། ལོ12ལ་བྲོས་བྱོལ་བྱས་རྗེས། ཧུའུ་ཆེ་གེ་མོས་རང་འགུལ་ངང་སྤྱི་བདེ་ལས་ཁུངས་སུ་ཕྱིན་ནས་རང་ཉེས་ཁས་བླངས། གསལ་འབྱེད་བྱས་པ་བརྒྱུད། ལི་ཅ་ལ་རིམ་པ་དང་པོའི་རྨས་སྐྱོན་ཡང་མོ་བཟོས་པར་མ་ཟད། ད་དུང་དཔལ་འབྱོར་གྱོང་གུད་ལ་སྐྱིན་ཚབ་འཇལ་བར་མ་ཟད་གུ་ཡངས་ཀྱང་ཐོབ་ཡོད།

མཁར་ཤར་ཆུའུ་མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད། གཏུག་ཡུལ་ཧུའུ་ཆེ་གེ་མོས་ཁྱིམ་ཚང་གི་འགལ་བ་ཐག་གཅོད་ཡང་དག་བྱེད་མ་ཐུབ་པར་གྲི་ཡིས་གནོད་འཚེ་ཕོག་མཁན་ལ་རིམ་པ་དང་པོའི་རྨས་སྐྱོན་ཡང་བའི་མཇུག་འབྲས་བཟོས་ཡོད་ཅིང་། བྱ་སྤྱོད་དེ་ནི་བསམ་གཟས་ནས་གནོད་འཚེ་བཏང་བའི་ནག་ཉེས་སུ་གྲུབ། ཧུའུ་ཆེ་གེ་མོས་རང་འགུལ་གྱིས་ནག་ཉེས་ཁས་བླངས་པ་དང་། གནོད་འཚེ་འཕོག་མཁན་ལ་འགྱོད་བཤགས་དང་གྱོང་གུད་ཁ་གསབ་བྱས་པ་བཅས་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ཏེ། ཁྲིམས་ལྟར་དུས་བཀག་བཙོན་འཇུག་ལོ1དང་ཟླ2ཀྱི་ཉེས་ཆད་བཅད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན88པའི་གཏན་འཁེལ་ལྟར་ན། མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་ལས་ཁུངས། རྒྱལ་ཁབ་བདེ་སྲུང་ལས་ཁུངས་བཅས་ཀྱིས་མྱུལ་ཞིབ་བྱ་རྒྱུའི་ཐོ་འགོད་སྙན་སེང་ཞུས་པའམ་མི་དམངས་ཁྲིམས་ཁང་གིས་གྱོད་དོན་བདག་སྤྲོད་བྱས་རྗེས། མྱུལ་ཞིབ་བམ་འདྲི་གཅོད་ལས་གཡོལ་ཐབས་བྱས་རིགས་ལ་ཁྲིམས་སྦྱོར་གྱི་དུས་བཀག་དེ་ཚད་དུ་འཛིན་མི་དགོས་ཞེས་བཀོད་ཡོད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།